ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཨ་རིའི་གྲོས་ཚོགས་གོང་མས་༡༩༥༩་ལོར་བོད་མི་དམངས་ཀྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ནས་ལོ་༥༩་འཁོར་པའི་དུས་དྲན་ལ་བསྟུན་ནས་བོད་པའི་ཐོབ་ཐང་ཉིན་མོ་ཞེས་གྲོས་ཆོད་ཅིག་བཞག་ནས་བོད་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། བོད་པ་ནང་པ་ཚོར་རང་གི་ཆོས་ལུགས་ལ་དད་མོས་དང་ཉམས་ལེན་བྱེད་ཆོག་པའི་ཐོབ་ཐང་ཡོད་པར་རྒྱབ་སྐྱོར་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་བོད་དོན་གྲོས་ཆོད་དེར་འཁོད་དོན། ༢༠༡༨་ལོའི་ཕྱི་ཟླ་༣་ཚེས་༡༠་ནི་༡༩༥༩་ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་དམངས་ཀྱིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བོད་ནས་ཕྱིར་འཐེན་བྱ་དགོས། བོད་ལ་རང་དབང་གི་ལམ་སྲོལ་ཞིག་ཡོད་པ་སླར་གསོ་བྱ་དགོས་ཞེས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་པ་ཁྲི་༩་མ་ཟིན་ཙམ་ཞིག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་ལོ་༥༩་འཁོར་པའི་དུས་དྲན་ཡིན་པ་མ་ཟད། ༢༠༡༨་འདི་༢༠༠༨་ལོར་བོད་ས་ཡོངས་སུ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་རིམ་པ་ཞིག་བྱས་པ་དང་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ལོ་བཅུ་འཁོར་པའི་དུས་དྲན་ཡང་ཡིན་ཞིང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ངོ་བོ་བཅས་པ་རྩ་མེད། རྒྱ་ནག་གི་ཁྲིམས་དང་མ་མཐུན་པར་བོད་པ་ཚོ་འཛིན་བཟུང་དང་བཀག་ཉར། མནར་གཅོད་དང་གར་སོང་ཆ་མེད་དུ་གྱུར་ནས་བོད་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་ཕོག་པའི་སྙ་ཐོ་བཏོན་འདུག ༢༠༠༨་ནས་བཟུང་སྟེ་ཤེས་གསལ་ལྟར་བོད་པ་༡༥༢་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་རང་ཡུལ་ལ་ཕྱིར་ལོག་གནང་ཆོག་པའི་ཐོབ་ཐང་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ནས་རང་ལུས་མེར་སྲེག་བཏང་བའི་སྙན་ཐོ་བཏོན་ཡོད། ༡༩༦༡་ལོར་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་བོད་མི་དམངས་ལ་རང་ཐག་རང་གཅོད་ཚུད་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ཡོད་པར་རྒྱབ་སྐྱོར་བྱས་ཡོད་ཅེས་ཨ་རིའི་གྲོས་ཚོགས་གོང་མའི་བོད་དོན་གྲོས་ཆོད་འཁོད་ཅིང་། ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་གྲོས་ཆོད་དེར་དོན་ཚན་དྲུག་ཡོད་པ་རྣམས་གཤམ་གསལ།།

དོན་ཚན་དང་པོ།

༢༠༡༨་ལོའི་ཕྱི་ཟླ་༣་ཚེས་༡༠་ནི་བོད་པའི་རང་དབང་ཉིན་མོར་ངོས་འཛིན་བྱ་རྒྱུ།

དོན་ཚན་གཉིས་པ།

༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤་པ་མཆོག་ནི་ཞི་བདེ་དང་འཚེ་བ་མེད་པ། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་མཐུན་སྒྲིལ་བཅས་ལ་ལེགས་སྐྱེས་འབུལ་མཁན་བླ་མེད་པ་ཞིག་ཡིན་པའི་གསལ་སྟོན་བྱ་རྒྱུ།

དོན་ཚན་གསུམ་པ།

བོད་མི་དམངས་ལ་རང་ཐག་རང་གཅོད་ཚུད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་སྲུང་སྐྱོབ་བྱེད་ཆོག་པའི་ཐོབ་ཐང་ཡོད། བོད་མི་དམངས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཡོད་པར་རྒྱབ་སྐྱོར་ཡོད་ཅེས་གསལ་སྟོན་བྱ་རྒྱུ།

དོན་ཚན་བཞི་པ།

བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་དང་ཆོས་ལུགས་དབུ་ཁྲིད་ཁག་བསྐོ་བཞག མ་འོངས་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ཞིག་ངོས་འཛིན་བྱ་རགྱུ་ནང་ཆོས་ལ་དད་མོས་བྱེད་མཁན་བོད་པ་འབའ་ཞིག་དང་བོད་པ་ཚོར་འབྲལ་དུ་མེད་པའི་ཆོས་ལུགས་ཀྱི་ཐོབ་ཐང་ཞིག་ཡོད་པ་འབའ་ཞིག་གིས་ཐག་གཅོད་བྱ་དགོས་པའི་ནན་བརྗོད་བྱ་རྒྱུ།

དོན་ཚན་ལྔ་པ།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་པའི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་དང་བསྐོ་བཞག མ་འོངས་པར་ཏཱ་ལའི་བླ་མ་མཆོག་སྐུ་ཕྲེང་བཅོ་ལྔ་པ་ཞིག་ངོས་འཛིན་བྱས་ཀྱང་བོད་དང་ཨ་མི་རི་ཀ འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་པ་ནང་པ་ཚོའི་ཆོས་དད་རང་དབང་གི་ཐོབ་ཐང་ལ་ནུས་མེད་ཀྱི་ཐེ་གཏོགས་བྱས་པ་ཞིག་ཡིན་པའི་ནན་བརྗོད་བྱ་རྒྱུ།

དོན་ཚན་དྲུག་པ།

༢༠༠༢་ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་བོད་དོན་ལག་བསྟར་སྲིད་ཇུས་ཨ་རིའི་ཕྱི་སྲིད་དྲུང་ཆེས་ལག་ལེན་ཚུལ་བཞིན་བསྟར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

XS
SM
MD
LG