ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་ཛོ་ནའི་འོས་བསྡུ་དང་ཕྱི་ཟླ་༡༡་པའི་འོས་བསྡུ་བར་མ།


ཟླ་༤་ཚེས་༢༤་ཉིན་ཨ་མི་རི་ཀའི་ལྷོ་ནུབ་ཕྱོགས་ཀྱི་ཨ་རི་ཛོ་ན་མངའ་སྡེར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གི་གདན་ཐོབ་ལ་འོས་འདེམས་བྱེད་ཀྱི་ཡོད་པ་དང་། ད་ཐེངས་ཀྱི་དམིགས་བསལ་འོས་འདེམས་འདིར་དམངས་གཙོ་ཚོགས་པའི་འོས་མི་ཧི་རལ་ཊི་ཕིར་ནེ་ཎི་དང་སྤྱི་མཐུན་ཚོགས་པའི་འོས་མི་ཌེ་བྷི་ལེ་སི་ཀོ་གཉིས་ཀྱིས་འགྲན་སྡུར་བྱས་ཏེ། ཨ་རི་ཛོ་ནའི་འོས་འདེམས་ས་ཁུལ་༨་པའི་གྲོས་ཚོགས་འཐུས་མི་དེའི་གདན་ཐོབ་སྲིད་དོན་ཚོགས་པ་གཉིས་ཀྱི་གང་ལ་ཐོབ་ཀྱང་ལོ་འདིའི་ཕྱི་ཟླ་༡༡་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་བར་མར་འབྲེལ་བ་ཆེན་ཡོད། སྤྱིར་ཨ་རི་ཛོ་ནའི་འོས་འདེམས་ས་ཁུལ་༨་པ་དེའི་ཡུལ་མི་ཕལ་ཆེ་བ་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན་པ་སྟེ། ས་ཁུལ་དེར་སྤྱི་མཐུན་ཚོགས་པའི་ཚོགས་མི་༧༨༠༠༠་ལྷག་ཡོད་པ་དེ་དག་གི་ཁོངས་ནས་མི་དམངས་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༩་ལྷག་གིས་འོས་ཤོག་སྔོན་ལ་འཕངས་ཟིན་ཡོད་ཅིང་། ས་ཁུལ་དེའི་དམངས་གཙོ་ཚོགས་པའི་ཚོགས་མི་འོས་ཤོག་འཕེན་མཁན་གྲས་སུ་སྔོན་ལ་འོས་ཤོག་འཕངས་ཟིན་པ་བརྒྱ་ཆ་༢༨་ལས་བྱུང་མེད། ༢༠༡༦་ལོར་ཨ་རིའི་སྲིད་འཛིན་འོས་འདེམས་དུས་སུ་ཌོ་ནལ་ཊོམ་ལ་ཨ་རི་ཛོ་ནའི་འོས་འདེམས་ས་ཁུལ་༨་པ་ནས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེ་ལིན་ཊོན་ལས་འོས་ཤོག་བརྒྱ་ཆ་༢༡་མང་བ་ཐོབ་སྟེ། ད་ཐེངས་ཀྱི་དམིགས་བསལ་འོས་འདེམས་སྐབས་སུའང་དམངས་གཙོ་ཚོགས་པའི་འོས་མི་ཊི་ཕིར་ནེ་ཎིར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་ཆེན་པོ་མེད། འོན་ཀྱང་ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་ས་ཁུལ་དེའི་གྲོས་ཚོགས་འཐུས་མི་ལས་ཐོག་ཊེ་རེན་ཊི་ཧྥ་རན་ཀེ་ལ་འཆལ་སྤྱོད་ཀྱི་ནག་ཉེས་ཕོག་སྟེ་གྲོས་ཚོགས་འཐུས་མིའི་ལས་སྣེ་ནས་གནང་བ་ཞུ་དགོས་ཐུག་ཡོད། དེང་སྐབས་ཨ་རིའི་རྒྱལ་ཡོངས་སུ་སྤྱི་མཐུན་ཚོགས་པའི་ཤེས་ཡོན་ཅན་དང་བཏང་སྙོམས་ཅན་གྱི་ཚོགས་མི་རྣམས་སྲིད་འཛིན་ཌོ་ནལ་ཊོམ་གྱི་ཆབ་སྲིད་སྐྱོང་སྟངས་ལ་འདོད་བློ་ཚིམ་གྱི་མེད་པ་དང་། ཉེ་ཆར་ཨ་རིའི་ཕེན་སིལ་ཝྭེ་ཎི་ཡའི་འོས་འདེམས་ས་ཁུལ་༡༨་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཞིག་གི་གདན་ཐོབ་དམངས་གཙོ་ཚོགས་པའི་འཐུས་མི་ཞིག་ལ་ཐོབ་འདུག་ལ། ན་ནིང་ལོ་མཇུག་དེར་ཨ་ལ་བྷ་མ་མངའ་སྡེའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཞིག་གི་གདན་ཐོབ་དམངས་གཙོ་ཚོགས་པའི་འཐུས་མི་ཞིག་ལ་ཐོབ་ནས་བཟུང་། ཨ་རིའི་རྒྱལ་ཡོངས་སུ་ལོ་འདིའི་ཕྱི་ཟླ་༡༡་པའི་གྲོས་ཚོགས་འཐུས་མིའི་འོས་འདེམས་བར་མའི་སྐབས་སུ་སྤྱི་མཐུན་ཚོགས་པར་ཕམ་ཉེས་ཆེན་པོ་འབྱུང་རྒྱུ་དང་། གཟའ་མིག་དམར་ཉིན་གྱི་ཨ་རི་ཛོ་ནའི་དམིགས་བསལ་འོས་འདེམས་སྐབས་སུའང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དེའི་གདན་ཐོབ་དམངས་གཙོ་ཚོགས་པའི་འོས་མི་དེར་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད། དམངས་གཙོ་ཚོགས་པའི་འོས་མི་ཊི་ཕིར་ནེ་ཎིས་གསར་འགོད་པ་ཚོར་བརྗོད་དོན། ངས་ཨ་རིའི་ཛོ་ནའི་འོས་འདེམས་ས་ཁུལ་༨་པ་དང་ཕེན་སི་ཝྭེ་ཎི་ཡ། ཨ་ལ་བྷ་མ་བཅས་ལ་མི་འདྲ་བའི་ཁྱད་པར་ཡོད་པ་ཤེས་ཡོད། ང་ཚོའི་འོས་འདེམས་ས་ཁུལ་འདིར་འོས་འདེམས་ཀྱི་ཐོ་འགོད་བྱེད་མཁན་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་བ་ཡོད་པའང་ཤེས་ཡོད། ཡིན་ནའང་འོས་འདེམས་ས་ཁུལ་༨་འདི་སྔོན་མའི་འོས་འདེམས་ས་ཁུལ་༨་པ་དེ་མ་རེད། སྤྱི་མཐུན་ཚོགས་པས་གྲོས་ཚོགས་འོག་མའི་གདན་གྲངས་གཅིག་ལ་ཨ་སྒོར་ས་ཡ་གཅིག་ལྷག་འགྲོ་གྲོན་བཏང་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱིན་འདུག ངས་བལྟས་ན་སྤྱི་མཐུན་ཚོགས་པར་དངངས་འཚབ་ཆེན་པོ་ཞིག་ཡོད་པ་འདྲ། ཁོ་ཚོས་ལོ་མང་རིང་ས་ཁུལ་འདིར་འགྲོ་གྲོན་ཆེན་པོ་བཏང་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་མྱོང་མེད་ཅེས་བཤད་པ་མ་ཟད། སྤྱི་མཐུན་ཚོགས་པའི་འོས་མི་ཌེ་བྷི་ལེ་སི་ཀོས་ཀྱང་ངའི་སེམས་པར་ང་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་རེད། ཡིན་ནའང་༢༠༡༨་འདིར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་འདེམས་གཅིག་པུ་མིན། མངའ་སྡེའི་གྲོས་ཚོགས་གོང་འོག་གི་འཐུས་མི་འོས་འདེམས་ལའང་བློ་འཚབ་སྐྱེ་དགོས་པའི་གནས་ཚུལ་ཞིག་འབྱུང་བཞིན་འདུག ད་ལོ་དམངས་གཙོ་ཚོགས་པས་སྔར་དང་མ་འདྲ་བར་རང་གི་ཚོགས་མི་ཚོར་འོས་ཤོག་འཕེན་དགོས་པའི་སྐུལ་སློང་ཤུགས་ཆེན་བྱེད་ཀྱིན་འདུག་ཅེས་བཤད་ཡོད་པ་རེད། སྤྱི་མཐུན་ཚོགས་པའི་འོས་མི་ལེ་སི་ཀོས་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་ཇུས་སྣ་མང་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་སྟེ། ཁྲིམས་འགལ་གྱི་ཕྱི་མི་ཡུལ་སྤོར་པ་བཀག་སྡོམ་དང་ཨ་མི་རི་ཀ་བ་ཚོར་མེ་མདའ་ཉར་འཛིན་གྱི་ཐོབ་ཐང་ཡོད་པ་སོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཁོ་མོར་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐོབ་པ་ལྟར་འོས་ཤོག་བརྒྱ་ཆ་༢༡་མང་བ་མ་ཐོབ་ཀྱང་ཆོག ང་ལ་འོས་ཤོག་བརྒྱ་ཆ་༡༠་མང་བ་འཐོབ་ན་འགྲིག་སོང་། ཨ་མི་རི་ཀའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་གྲོས་ཚོགས་གོང་འོག་གཉིས་དང་ཕོ་བྲང་དཀར་པོ་བཅས་ལ་དབང་སྒྱུར་བྱེད་བཞིན་པའི་སྲིད་དོན་ཚོགས་པ་དེར་བར་མའི་འོས་བསྡུའི་སྐབས་སུ་ཕམ་ཉེས་འབྱུང་རྒྱུ་ཉག་ཅིག་ཡིན། ཡིན་ནའང་ཨ་རིའི་ཛོ་ནའི་འོས་འདེམས་ས་ཁུལ་༨་པ་འདིར་དམངས་གཙོ་ཚོགས་པས་རེ་བ་མ་འཆང་ཞེས་བཤད་འདུག དམངས་གཙོ་ཚོགས་པའི་འོས་མི་ཊི་ཕིར་ནེ་ཎི་ལ་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་འོས་ཤོག་མ་འཕངས་པར་ཐོབ་ཐབས་མེད་ཀྱང་སྤྱི་མཐུན་ཚོགས་པའི་ཚོགས་མིའི་གྲས་སུ་སྲིད་འཛིན་ཌོ་ནལ་ཊོམ་ལ་ཡི་ཐང་ཆད་ཀྱི་ཡོད་པ་མང་པོ་ཞིག་འབྱུང་གི་ཡོད་པར་བརྟེན། ཌོ་ནལ་ཊོམ་ལ་དགའ་མོས་མེད་པའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་དམངས་གཙོ་ཚོགས་པའི་འོས་མི་དེར་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་སྲིད། དཔེར་ན་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒད་པོ་ཞིག་གིས་ང་དམངས་གཙོ་ཚོགས་པའི་འོས་མི་ཊི་ཕིར་ནེ་ཎི་ལ་དངོས་སུ་ཐུག་འདོད་ཡོད། ཁོ་མོའི་ལྟ་བ་དང་ལངས་ཕྱོགས་རྣམས་ཡག་པོ་ཞིག་ཤེས་འདོད་ཡོད་ཅེས་བཤད་པ་དེ་ལ་བལྟས་ཚེ། སྤྱི་མཐུན་ཚོགས་པའི་ཚོགས་མིའི་གྲས་སུ་རང་གི་སྲིད་དོན་ཚོགས་པའི་འོས་མི་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་སྲིད་པའི་ངེས་པ་མེད་པའི་རྣམ་པ་ཞིག་མངོན་གྱིན་ཡོད་པ་རེད།།

XS
SM
MD
LG