ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དཀར་ནག་གཉིས་དང་བལ་ཡུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྷ་བ་ལི་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་གཞུང་འབྲེལ་གྱི་འཚམས་འདྲིར་བསྐྱོད་ཡོད་པ་དང། སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་སྟེ། རྒྱ་དཀར་ནག་གཉིས་དང་བལ་ཡུལ་བཅས་ཀྱི་འབྲེལ་ལམ་ནི་མ་བཅོས་ལྷུན་གྲུབ་ཀྱི་འབྲེལ་བ་ཞིག་ཡིན། ང་ཚོ་ནི་རི་ཆུ་འདབས་འབྲེལ་དུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས་ང་ཚོའི་རྒྱལ་ཁབ་གང་རུང་གི་རྒྱལ་ནང་ངམ། ཡང་ན་རྒྱལ་སྤྱིའི་གནས་སྟངས་སོགས་ལ་འགྱུར་བ་ཇི་ལྟར་ཐེབས་ཀྱང་ང་ཚོ་ཁྱིམ་མཚེས་གསུམ་གྱི་རྩ་བའི་འབྲེལ་ལམ་འདིར་འགྱུར་བ་ཐེབས་མི་སྲིད། ང་ཚོ་བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ལ་མཚོན་ནའང་བལ་ཡུལ་གྱི་ཆབ་སྲིད་བརྟན་ལྷིང་དང་ཕྱོགས་གང་ཐད་དུ་ཡར་རྒྱས་འགྲོ་ཐུབ་པའི་རེ་བ་འཆང་ཡོད་ཅེས་བཤད་འདུག བལ་ཡུལ་ལ་རྒྱབ་སྐྱོར་བྱ་རྒྱུ་དེར་རྒྱ་དཀར་ནག་གཉིས་མོས་མཐུན་ཡོད། རྒྱ་དཀར་ནག་གཉིས་ནི་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གྲས་ཀྱི་ཚབ་མཚོན་ཡིན་པས་བལ་ཡུལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཁེ་ཕན་ཆེན་པོ་ཡོད། བལ་ཡུལ་གྱིས་ཀྱང་གོ་སྐབས་དམ་འཛིན་བྱས་ནས་རྒྱ་དཀར་ནག་གཉིས་ལ་ཟམ་པ་ལྟ་བུའི་འབྲེལ་ལམ་ཞིག་འཛུགས་པར་ནུས་པ་བཏོན་ན་ཞོར་དུ་བལ་ཡུལ་ཡང་འཕེལ་རྒྱས་འགྲོ་ཐུབ། ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་ནག་དང་བལ་ཡུལ་གཉིས་ལ་ཧི་མ་ལ་ཡའི་མཚམས་བརྒལ་བའི་གཉིས་ཕན་གྱི་འབྲེལ་ལམ་ཞིག་འཛུགས་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལ་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཁུལ་དུ་ལྕགས་ལམ་དང་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ། ད་དུང་མཁའ་འགྲུལ་དང་གློག་ཤུགས། བརྡ་འཕྲིན་སོགས་ཀྱི་ཁྱབ་ཁོངས་མང་པོ་ཞིག་ལ་མཉམ་འབྲེལ་བྱས་ཚེ། མ་འོངས་བར་རྒྱ་དཀར་ནག་གཉིས་དང་བལ་ཡུལ་གསུམ་མཉམ་དུ་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུའི་མཐུན་རྐྱེན་ཆེན་པོ་ཞིག་ཏུ་འགྱུར་སྲིད་ཅེས་བརྗོད་ཡོད་པ་རེད། རྒྱ་ནག་གིས་སྤྱི་ལོ་༢༠༡༣་ནས་བཟུང་སྟེ་རྒྱ་ནག་གི་གནའ་བོའི་དར་གོས་ཚོང་ལམ་བརྒྱུད་ནས་ཨེ་ཤེ་ཡ་དང་ཡུ་རོབ་གཙོས་རྒྱལ་ཁབ་མང་པོ་ཞིག་ལ་དཔལ་འབྱོར་མཉམ་ལས་བྱ་རྒྱུའི་གྲོས་མགོ་བརྩམས་ཏེ། ད་ལྟ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཁྱབ་ཁོངས་མང་པོ་ཞིག་ལ་མཉམ་ལས་བྱ་རྒྱུའི་འགོི་བཙུགས་ཀྱང་རྒྱལ་ཁབ་ཁག་ཅིག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་མཉམ་ལས་ཁོངས་སུ་ཞུགས་ཀྱི་མེད་པ་དང་། ཉེ་དུས་ཤིག་ནས་རྒྱ་དཀར་ནག་གི་དཔལ་འབྱོར་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་པའི་རྣམ་པ་ཞིག་མངོན་རུང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་མཉམ་ལས་འདིར་རྒྱ་གར་གཏན་ནས་མཉམ་ཞུགས་བྱེད་ཀྱི་མེད་ཅིང་། ཉེ་སྔོན་རྒྱ་དཀར་ནག་གཉིས་ཀྱི་དཔལ་འབྱོར་ཐབས་ཇུས་བགྲོ་གླེང་ཐེངས་ལྔ་པའི་ཚོགས་ཆེན་ཐོག་ཏུ་རྒྱ་གར་གྱི་སྐུ་ཚབ་དེས་ཁ་གསལ་བོ་བྱས་ནས་རྒྱ་ནག་དང་པ་ཀི་སི་ཐན་གྱིས་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་བྱ་ཡུལ་གྱི་ཁོངས་སུ་པ་ཀི་སི་ཐན་གྱིས་བཙན་བཟུང་བྱས་ཡོད་པའི་རྒྱ་གར་གྱི་ཀ་ཤི་མིར་གྱི་ས་ཁུལ་ཁག་ཅིག་ཚུད་ཡོད། འདི་ནི་རྒྱ་གར་གྱི་ས་ཆའི་བདག་དབང་ལ་འགལ་འཛོལ་བྱས་པ་ཞིག་ཡིན། དེང་སྐབས་རྒྱ་ནག་དང་ཨ་རི་གཉིས་ལ་དངོས་ཟོག་གི་སྒོ་ཁྲལ་སྤར་རེས་ཀྱི་འགལ་ཟླ་ཞིག་འབྱུང་བཞིན་ཡོད་ཀྱང་རྒྱ་གར་ལ་མཚོན་ན་ཨ་རི་དང་རྒྱ་ནག་གཉིས་ཀྱི་གང་གི་ཕྱོགས་སུའང་ལངས་མེད་བཅས་ཀྱི་རྒྱུ་མཚན་བགྲངས་ཏེ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ལ་རྒྱ་གར་མཉམ་ཞུགས་བྱ་རྒྱུ་ཁས་ལེན་བྱས་མེད་པ་རེད། མི་འབོར་མང་བའི་རྒྱ་གར་ལ་མཚོན་ན་ཨ་རི་དང་རྒྱ་ནག་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་འགྲན་རྩོད་བྱ་ཡུལ་གཙོ་བོ་ཞིག་ཆགས་ཞིག་ཡོད་པ་དང་། ཨ་རི་དང་རྒྱ་ནག་གཉིས་ལ་དཔལ་འབྱོར་གྱི་འགལ་ཟླ་འབྱུང་བཞིན་པའི་སྐབས་འདིར་རྒྱ་གར་ལ་མཚོན་ན་བར་གནས་སུ་བསྡད་ནས་གོ་སྐབས་འཚོལ་བཞིན་པའི་སྐབས་ཤིག་ཁེལ་ཡོད་པ་རེད།།

XS
SM
MD
LG