ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་སྔར་ལས་གུ་ཡངས་དང་རྒྱ་ཆེ་རུ་གཏོང་རྒྱུའི་གཏམ་བཤད་ཐེངས་ཁ་ཤས་བྱས་པར་འཇར་མན་རླུང་འཕྲིན་ཁང་གིས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་རིག་པའི་མཁས་པ་ཧུའུ་ཞིན་ཏི་ལ་བཅར་འདྲི་ཞུས་ཡོད་ཅིང་། ཁོང་གིས་དེང་སྐབས་ཞིས་ཅིན་ཕིང་གིས་བསྐྱར་ཟློས་ཡང་ཟློས་ཀྱི་སྒོ་ནས་ཕྱི་ལ་སྒོ་མོ་འབྱེད་ཀྱི་ཡིན་ཞེས་གླེང་སློང་བྱེད་བཞིན་པའི་རྒྱུ་མཚན་གཅིག་ནི་རྒྱ་ནག་གི་ཆབ་སྲིད་པ་དང་ཉམས་ཞིབ་པའི་གྲས་སུ་ཕྱི་ལ་སྒོ་མོ་འབྱེད་རྒྱུའི་ཐད་དུ་ལྟ་ཚུལ་འདྲ་མིན་ཞིག་ཡོང་གི་ཡོད་པ་མཚོན་ཐུབ། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་སྔོན་མའི་འཆར་འགོད་ཀྱི་དཔལ་འབྱོར་ལམ་ལུགས་སུ་བསྒྱུར་དགོས་ཟེར་པ་དང་། ཐ་ན་སྒེར་དབང་གི་དཔལ་འབྱོར་ལམ་ལུགས་མེད་པར་གཏོང་དགོས་པའི་བསམ་ཚུལ་འདོན་མཁན་ཡང་འབྱུང་བཞིན་ཡོད། ཡང་མི་ཁ་ཤས་ཀྱིས་བཅོས་སྒྱུར་ལ་ཁ་གཡར་ནས་དོན་དངོས་སུ་དེང་རབས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལའང་མི་མཐུན་ཞིང་། དམངས་གཙོ་དང་ཁྲིམས་སྐྱོང་ལམ་ལུགས་ལའང་མི་མཐུན་པའི་ལམ་ཕྱོགས་གཞན་ཤིག་དེད་ནས་ཕྱི་ལ་སྒོ་མོ་འབྱེད་རྒྱུ་དེར་འགོག་རྐྱེན་ཐེབས་ཀྱི་ཡོད་པ་རྒྱུ་མཚན་གཙོ་བོ་ཞིག་ཆགས་ཡོད་ཅེས་བཤད་འདུག ད་ལྟ་ཞིས་ཅིན་ཕིང་གིས་དབང་ཐང་རྒྱས་བཞིན་ཡོད་པའི་སྐབས་འདིར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་དང་ཁྲིམས་སྐྱོང་གི་དམངས་གཙོའི་ལམ་ཕྱོགས་སུ་བསྐྱོད་ཐུབ་ན་རྒྱ་ནག་ནི་སྟོབས་འབྱོར་མངའ་ཐང་ལྡན་པའི་ངང་དུ་ཡུན་རིང་གནས་ཐུབ། གལ་སྲིད་སྔོན་གྱི་གོང་མའི་དབང་སྒྱུར་ལམ་ལུགས་ལ་ཕྱིར་ལོག་བྱས་ན་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འདིར་འཆི་ལམ་འབའ་ཞིག་ལས་མདུན་ལམ་གཞན་པ་མེད་ཅེས་ཉེན་བརྡ་བཏང་ཞིང་། ཡང་ཉམས་ཞིབ་པ་ཧུའུ་ཞིན་ཏིས་རྒྱ་ནག་ཁྲིམས་སྐྱོང་དང་དམངས་གཙོ་ཅན་གྱི་ལམ་ཕྱོགས་ཤིག་ཏུ་བསྐྱོད་ཐུབ་རྒྱུ་ཡིན་མིན་ཐད་དུ་བརྗོད་དོན། ད་སྔ་རྒྱ་ནག་གིས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་གཅིག་པུར་དམིགས་ནས་འཆར་འགོད་སྣ་ཚོགས་ཤིག་བྱེད་བཞིན་པ་མ་གཏོགས་ཁྲིམས་སྐྱོང་དང་དམངས་གཙོའི་ལམ་ཕྱོགས་ཤིག་ཏུ་བསྐྱོད་རྒྱུའི་འཆར་གཞི་གལ་ཆེན་ཅི་ཡང་མི་འདུག ངས་བལྟས་ན་རྒྱ་ནག་ལ་འགྱུར་བ་ཆུང་ཆུང་རེ་ངེས་པར་དུ་གཏོང་དགོས་ཀྱི་འདུག དཔེར་ན་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་དུ་ས་གནས་ལས་བརྒལ་བའི་ཁྲིམས་ཁང་རང་རྐྱ་ཐུབ་པ་རྣམས་གསར་འཛུགས་བྱ་ཆོག་པའི་ཐག་གཅོད་སོགས་ནས་མགོ་བཙུགས་ཏེ་རིམ་བཞིན་ཡར་རྒྱས་གཏོང་རྒྱུ་གལ་གནད་ཆེ། རྒྱ་ནག་ཁྲིམས་སྐྱོང་གི་ལམ་ཕྱོགས་ཤིག་ཏུ་བསྐྱོད་ན་གཞི་ནས་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་ཐུབ། རྒྱ་ནག་ཀྱང་མ་འོངས་པར་རིམ་བཞིན་ཁྲིམས་སྐྱོང་དང་དམངས་གཙོའི་ལམ་ཕྱོགས་སུ་བསྐྱོད་དགོས་པ་ལྡོག་ཏུ་མེད། ད་ལྟ་ཨ་རི་དང་ཡུ་རོབ། ཉི་ཧོང་སོགས་ཀྱིས་རྒྱ་ནག་ཟུར་དུ་ཕུད་བཞིན་པའི་དུས་སྐབས་ཤིག་ལ་ཁེལ་གྱི་ཡོད། གཅིག་ནས་རྒྱ་ནག་དང་རྒྱལ་ཁབ་དེ་དག་གིས་ཆབ་སྲིད་ཀྱི་རིན་ཐང་ལ་ལྟ་ཚུལ་མི་འདྲ་བ་དང་། གཉིས་ནས་རྒྱ་ནག་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་བརྩི་མེད་བཏང་ནས་གནད་དོན་ཚབས་ཆེན་དུ་གྱུར་ཡོད་པ་མ་ཟད། རྒྱ་ནག་ལ་མཚོན་ན་ཕྱིའི་རྒྱལ་ཁབ་ཁག་ལ་ཁ་ཕྱོགས་པའི་ཁེ་ལས་མང་པོ་ཞིག་ཡོད་པ་རྣམས་གཞུང་གཉེར་ཁེ་ལས་ཡིན་པས་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་འཛུགས་པར་འགོག་རྐྱེན་ཞིག་ཏུ་གྱུར་ཡོད། རྒྱ་ནག་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་བརྩི་སྲུང་བྱས་ནས་གློག་བརྙན་སོགས་ཕྱིའི་རིག་གནས་ཐོན་རྫས་མང་པོ་ཞིག་ནང་འདྲེན་བྱ་རྒྱུ་ཧ་ཅང་གལ་ཆེ། དེ་མ་གཏོགས་དཔལ་འབྱོར་གྱི་ངོས་ནས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེས་ནས་ཇི་ལྟར་ཡར་རྒྱས་བཏང་རུང་ཆབ་སྲིད་དང་ཁྲིམས་སྐྱོང་། དྲ་རྒྱ་སོགས་རིག་གནས་ཀྱི་ཁྱབ་ཁོངས་སུ་བཅོས་སྒྱུར་གཏང་མ་ཐུབ་པར་རྒྱུན་རིང་འགོར་ན་དཔལ་འབྱོར་ཡར་རྒྱས་དང་ཆབ་སྲིད། རིག་གནས་བཅས་ཀྱི་ཡར་རྒྱས་རྣམས་ཀྱང་དོ་མཉམ་མེད་པར་དཔལ་འབྱོར་གྱི་འཕེལ་རྒྱས་རྒྱུན་སྲིང་བྱ་ཐབས་མེད་ཅེས་བརྗོད་འདུག

XS
SM
MD
LG