ངོ་འཕྲད་བདེ་བའི་དྲ་འབྲེལ།

གྲོས་མོལ་མཚམས་འཇོག་གི་སྡིགས་ར།
please wait

No media source currently available

0:00 0:04:08 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ཕྱི་ཟླ་༦་པའི་ཚེས་ཤར་ཡས་མས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་དང་། ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེའི་མཉམ་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་སྟེ། ཁོང་གིས་ངས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་དེར་གྲུབ་འབྲས་འཐོན་རྒྱུའི་རྟགས་མཚན་མེད་ན་གྲོས་མོལ་ཕྱིར་འཐེན་བྱེད་པའམ། ཡང་ན་གྲོས་མོལ་བྱེད་བཞིན་པའི་སྐབས་སུ་གྲོས་མོལ་མཚམས་བཞག་ནས་ང་རང་ཡུལ་ལ་ཕྱིར་ལོག་བྱ་རྒྱུ་ཡིན། ངས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་ནས་གྲུབ་འབྲས་ཤིག་འཐོན་རྒྱུ་ཡོད་པ་དང་། ང་ཚོའི་གྲོས་མོལ་དེར་གྲུབ་འབྲས་ཤིག་འཐོན་ཐུབ་པའི་རེ་བ་འཆང་ཡོད། ཡིན་ནའང་ང་ཚོའི་ཐུག་འཕྲད་དེར་གྲུབ་འབྲས་འཐོན་རྒྱུ་མེད་པ་དང་། ཐ་ན་འབད་བརྩོན་འདིར་མཐའ་གཅིག་ཏུ་ཕམ་ཉེས་འབྱུང་སྲིད་པའི་ཉེན་ཀའང་ཡོད་ཅེས་བཤད་འདུག སྲིད་འཛིན་ཌོ་ནལ་ཊོམ་གྱི་སྐད་ཆ་དེ་ཚོས་ཉེ་ཆར་ཨ་རིའི་དབུས་གསང་བའི་ལས་ཁང་གི་འགན་འཛིན་མེཀ་ཕོམ་ཕིའོ་བྱང་ཀོ་རི་ཡར་བཏང་བར་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་ཐུབ། ཟླ་སྔོན་མར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་དབུས་གསང་བའི་ལས་ཁང་གི་འགན་འཛིན་མེཀ་ཕོམ་ཕིའོ་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འོས་མིར་བདམས། ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་འཐོབ་ན་མེཀ་ཕོམ་ཕིའོ་ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀ་ཊི་ལར་སན་གྱི་རྗེས་འཛིན་པར་འགྱུར་རྒྱུ་ཡིན་ཞིང་། ཟླ་བ་འདིའི་ཚེས་ཤར་དེར་མེཀ་ཕོམ་ཕིའོ་ལྐོག་ཏུ་བྱང་ཀོ་རི་ཡར་ཕེབས་ནས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་པ་མ་ཟད། ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ས་གནས་གང་དུ་ཐུག་འཕྲད་བྱ་དགོས་མིན་དང་ཕྱོགས་གཉིས་ཀྱིས་གནད་དོན་གང་ཞིག་ལ་གྲོས་བསྡུར་བྱ་དགོས་མིན་གྱི་སྔོན་འགྲོའི་གྲོས་བསྡུར་བྱས་ཡོད།

དེང་སྐབས་བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀའི་སྤྱི་དམངས་གསུམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རྣམས་གློད་གྲོལ་གཏོང་རྒྱུ་ཡིན་མིན་ནི་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གྲོས་མོལ་གྱི་འགག་རྩ་གཙོ་བོ་ཞིག་ལ་འགྱུར་སྲིད། ཨ་རིའི་གཞུང་གིས་རང་གི་སྤྱི་དམངས་དེ་དག་བྱང་ཀོ་རི་ཡའི་གཞུང་གིས་གློད་གྲོལ་གཏོང་དགོས་པའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གསར་འགོད་པ་ཚོར་བརྗོད་མོད། འོན་ཀྱང་ཨ་རིའི་གཞུང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོར་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་བྱ་དགོས་ཚེ། བྱང་ཀོ་རི་ཡའི་གཞུང་གིས་ངེས་པར་དུ་བཙོན་འཇུག་བྱས་ཡོད་པའི་ཨ་མི་རི་ཀའི་སྤྱི་དམངས་གསུམ་པོ་གློད་གྲོལ་གཏོང་དགོས་ཞེས་སྔོན་འགྲོའི་ཆ་རྐྱེན་བཏོན་ཡོད་མེད་ངེས་གཏན་བྱས་མེད། ཨ་མི་རི་ཀའི་སྤྱི་དམངས་དེ་དག་ཀོ་རི་ཡའི་མི་རིགས་ཡིན་པ་དང་ཁོ་ཚོ་བྱང་ཀོ་རི་ཡར་ཡེ་ཤུ་ཆོས་ལུགས་ཁྱབ་སྤེལ་བྱེད་དུ་བསྐྱོད་ནས་བྱང་ཀོ་རི་ཡའི་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་རྒྱུན་ལྡན་གྱི་ཕྱི་འབྲེལ་མི་སྣ་ཁག་མ་བརྒྱུད་པར་དབུས་གསང་བའི་ལས་ཁང་གི་འགན་འཛིན་བྱང་ཀོ་རི་ཡར་མངགས་ནས་མེཀ་ཕོམ་ཕིའོ་ལ་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ལ་སྔོན་འགྲོའི་གྲ་སྒྲིག་བྱེད་དུ་འཇུག་གི་ཡོད་པ་ནི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་ལས་ཀྱང་དབུས་གསང་བའི་ལས་ཁང་གི་འགན་འཛིན་མེཀ་ཕོམ་ཕིའོ་ལ་ཡིད་ཆེས་ཡོད་པ་སྟོན་གྱི་ཡོད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེར་ཐུག་འཕྲད་མ་བྱས་གོང་དུ་མེཀ་ཕོམ་ཕིའོ་བྱང་ཀོ་རི་ཡར་མངགས་དོན་ཅི་ཡིན་ཐད་བརྗོད་དོན་དུ། ཐུག་འཕྲད་ནི་ཡག་པོ་བྱུང་འདུག འབྲེལ་བ་ཡང་བཟང་པོ་ཞིག་ཚུགས་འདུག ཆེས་མཐོའི་ཐུག་འཕྲད་ཀྱི་གྲོས་གཞི་ཁག་ཀྱང་གཏན་འབེབས་བྱུང་འདུག རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་ནི་འཛམ་གླིང་སྤྱི་དང་། ལྷག་པར་དུ་བྱང་ཀོ་རི་ཡར་དགེ་མཚན་ཡོད་པ་ཞིག་ཡིན་ཞེས་ཊོས་ཊར་དྲ་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། ཡིན་ནའང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གིས་མེཀ་ཕོམ་ཕིའོ་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱ་དགོས་པར་ཆོག་མཆན་འགོད་ཀྱི་མེད་པ་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མེཀ་ཕོམ་ཕིའོ་བྱང་ཀོ་རི་ཡར་བསྐྱོད་པ་གྲོས་ཚོགས་ལ་སྙན་སེང་ཞུས་མ་སོང་། ཁོ་པས་ཨ་རིའི་གྲོས་ཚོགས་ལ་རྫུན་བཤད་སོང་ཞེས་དགག་པ་རྒྱག་གི་ཡོད་རུང་ཕོ་བྲང་དཀར་པོ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མེཀ་ཕོམ་ཕིའོ་འཕྲལ་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱ་རྒྱུའི་མོས་མཐུན་བྱ་དགོས་ཞེས་རྩོད་པ་རྒྱག་གི་ཡོད། ཉམས་ཞིབ་པ་ཚོས་མེཀ་ཕོམ་ཕིའོ་ལ་ཕྱི་འབྲེལ་གྱི་ཉམས་མྱོང་མེད་པ་དང་དབུས་གསང་བའི་ལས་ཁང་དུའང་ཆེ་མཐོང་མེད་པ། ཌོ་ནལ་ཊོམ་གྱིས་གནད་འགག་ཆེ་བའི་ཕྱི་འབྲེལ་ལས་དོན་འདི་འདྲ་ཞིག་ཉམས་མྱོང་མེད་པའི་མི་ཞིག་ལ་བཅོལ་བ་ནོར་འཁྲུལ་རེད་ཅེས་སྐྱོན་བརྗོད་བྱས་ཏེ། ༢༠༡༤་ལོར་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁང་གི་འགན་འཛིན་ཇཱེམ་སི་ཁེ་ལེ་པར་བྱང་ཀོ་རི་ཡར་ལྐོག་ཏུ་ཕེབས་མྱོང་ཡོད། ཁོང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོར་གྲོས་མོལ་བྱས་ནས་ཨ་མི་རི་ཀའི་སྤྱི་དམངས་གཉིས་བཙོན་ཁང་ནས་གློད་གྲོལ་གཏོང་དུ་བཅུག་ཡོད་པ་དང་། ཐེངས་འདིར་མེཀ་ཕོམ་ཕིའོ་བྱང་ཀོ་རི་ཡར་ཕེབས་ནས་ཨ་མི་རི་ཀ་བ་གཅིག་ཀྱང་གློད་གྲོལ་གཏོང་དུ་འཇུག་ཐུབ་མེད་པས། ཨ་མི་རི་ཀའི་གཞུང་ཞབས་ཟུར་པ་ཚོས་མེཀ་ཕོམ་ཕིའོ་གསང་བའི་ཐོག་ཏུ་བྱང་ཀོ་རི་ཡར་བསྐྱོད་པར་གྲུབ་འབྲས་ཅི་ཞིག་ཐོན་སོང་ངམ་ཞེས་དོགས་འདྲི་བྱས་ནས་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་རེད།།

XS
SM
MD
LG