ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་བཟོ་ཚོང་ཁང་ཞིག་ལ་ཉེས་ཆད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་རི་དང་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་འགལ་ཟླ་ཆེན་པོ་ཞིག་འབྱུང་གི་ཡོད་པའི་སྐབས་འདིར་ཁ་སང་སྤྱི་ཚེས་༡༦་ཉིན་ཨ་རིའི་དབུས་ཚོང་དོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས་རྒྱ་ནག་གི་གློག་འཕྲིན་སྒྲིག་ཆས་བཟོ་ཚོང་ཁང་ཆེ་ཤོས་ཨང་གཉིས་པ་སྟེ། ཀྲུང་ཞིན་བཟོ་ཚོང་ཁང་ལ་ད་ནས་རྩིས་ཏེ་ལོ་༧་གྱི་རིང་ལ་ཨ་རིས་བཟོས་པའི་གློག་ཆས་ཀྱི་ལྷུ་ལག་རྣམས་བཙོང་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་འཁོད་འདུག ཨ་རིས་རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་ལ་གློག་ཆས་ཀྱི་ལྷུ་ལག་བཙོང་རྒྱུ་མཚམས་འཇོག་བྱ་དགོས་པའི་རྒྱུ་མཚན་ནི་ཀྲུང་ཞིན་བཟོ་ཚོང་ཁང་གིས་ཨ་རི་དང་མཉམ་དུ་བཞག་པའི་ཚོང་ལས་ཀྱི་གན་རྒྱ་ཁག་ལ་རྩིས་མེད་བཏང་ནས་བྱང་ཀོ་རེ་ཡ་དང་ཨི་རིན་ལ་གློག་ཆས་ཀྱི་རིགས་ཚོང་སྒྱུར་བྱས་པར་ཐུག་ཡོད་ཅིང་། ཀྲུན་ཞིན་བཟོ་ཚོང་ཁང་གིས་ཚོང་རྫས་འགྲེམ་ཚོང་བྱེད་མཁན་ཚོར་ཉེས་ཆད་དང་ཉེན་བརྡ་སོགས་ཅི་ཡང་བཏང་མེད་པ་མ་ཟད། ཁོ་ཚོར་དམིགས་བསལ་གྱིས་བྱ་དགའ་སྤྲད་ཡོད་པ་སོགས་ཀྱི་རྐྱེན་པས་ཨ་རིའི་ངོས་ནས་བྱེད་སྟངས་འདི་དག་གཏན་ནས་སྣང་མེད་དུ་འཇོག་ཐབས་མེད་པ་ཞིག་ལ་གྱུར་པས་ཀྲུང་ཞིན་བཟོ་ཚོང་ཁང་ལ་ཉེས་ཆད་གཅོད་དགོས་ཐུག་ཡོད། སྤྱིར་རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་དང་ཨ་རི་གཉིས་ཀྱིས་བཞག་ཡོད་པའི་གན་རྒྱའི་ནང་དུ་ཨ་རིས་དཔལ་འབྱོར་གྱི་ཉེས་ཆད་གཅོད་ཡུལ་རྒྱལ་ཁབ་གཙོ་བོ་ལྔ་སྟེ། བྱང་ཀོ་རི་ཡ་དང་ཨི་རན། སུ་དྷན། སི་རི་ཡ། ཀུ་པ་སོགས་ལ་ཀྲུང་ཞིན་བཟོ་ཚོང་ཁང་གིས་བཟོས་པའི་གློག་ཆས་རྣམས་འགྲེམ་ཚོང་བྱ་རྒྱུ་མིན་པའི་ཁས་ལེན་བྱེད་དུ་བཅུག་སྟེ། གལ་སྲིད་ཀྲུང་ཞིན་བཟོ་ཚོང་ཁང་གིས་རང་གི་ཁས་ལེན་དམ་བཅའ་ཁག་ལ་འགལ་འཛོལ་བྱུང་ན་ཨ་སྒོར་དུང་ཕྱུར་བཅུ་གཅིག་གི་དངུལ་སྒོར་ཉེས་ཆད་འཁུར་རྒྱུ་ཡིན་ཞེས་ཁས་ལེན་བྱེད་དུ་བཅུག་འདུག ཡིན་ནའང་ཐེངས་འདིར་ཀྲུང་ཞིན་བཟོ་ཚོང་ཁང་གིས་ཨ་རི་དང་མཉམ་དུ་བཞག་པའི་གན་རྒྱ་ལ་བརྩི་འཇོག་བྱས་མ་བྱས་པར་ཨ་རིའི་གཞུང་ལ་རྫུན་བཤད་ནས་མགོ་སྐོར་བཏང་འདུག་ཅེས་ཨ་རིའི་ཚོང་དོན་ལྷན་ཁང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་ལ་རྒྱལ་སྤྱིའི་ཚོང་རའི་ནང་དུ་སླེབས་ཐུབ་པའི་བཟོ་ཚོང་ལས་ཁང་ཆེ་ཁག་རེ་ཟུང་ལས་མེད་པའི་གྲས་ཀྱི་གཅིག་ནི་ཀྲུང་ཞིན་བཟོ་ཚོང་ཁང་ཡིན་པ་དང་། ད་ནས་ལོ་ངོ་༧་གྱི་རིང་དུ་ཀྲུང་ཞིན་བཟོ་ཚོང་ཁང་གིས་ཨ་རིའི་ལག་རྩལ་རྣམས་བེད་སྤྱོད་གཏོང་ཐུབ་མིན་པ་བཟོ་ཚོང་ཁང་དེར་མཚོན་ན་བརྡབ་གསིག་ཆེན་པོ་ཞིག་ཡིན་ཞིང་། ད་ལྟ་བར་དུ་བཟོ་ཚོང་ལས་ཁང་དེས་རྒྱ་ནག་གི་གློག་འཕྲིན་དྲ་རྒྱའི་སྒྲིག་ཆས་ཀྱི་རིགས་དང་ཀྲུང་ཞིན་ཁ་པར་སོགས་བཟོ་བཞིན་ཡོད་པའི་ནང་གི་སྲ་ཆས་ཀྱི་ལྷུ་ལག་གལ་ཆེན་ཁག་ཅིག་ཨ་རི་ནས་ནང་འདྲེན་བྱས་ནས་ཨ་རིའི་ཁོར་ཉིན་རྟགས་ཅན་གྱི་འཆར་ཤེལ་གྱི་རིགས་ནང་འདྲེན་དང་ཨ་རིའི་ཊོ་བྷད་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱས་ནས་ཁ་པར་སོགས་ཀྱི་སྒྲ་འདོན་ལག་རྩལ་ནང་འདྲེན་བྱེད་བཞིན་ཡོད་ཅིང་། ཉེ་ཆར་ཨ་རི་དང་རྒྱ་ནག་གིས་སྲན་མ་དང་གོས་འཁྲུད་འཕྲུལ་ཆས་སོགས་ཀྱི་ཚོང་རྫས་ལ་སྒོ་ཁྲལ་སྤར་རེས་བྱས་ནས་དཔལ་འབྱོར་ཉོ་ཚོང་གི་འཐབ་རྩོད་དེ་ཉིད་ཤུགས་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་པའི་སྐབས་འདིར་ཨ་རིས་རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་ལ་ཉེས་ཆད་བཅད་པ་ཨ་རིས་རྒྱ་ནག་ལ་ལག་རྩལ་གྱི་ངོས་ནས་འཐབ་རྩོད་བྱེད་སྟངས་གསར་བ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག ཨ་རིས་ཐེངས་མང་པོ་ཞིག་ལ་རྒྱ་ནག་གིས་ཁྲིམས་འགལ་གྱི་སྒོ་ནས་ཨ་རིའི་ལག་རྩལ་གྱི་གྲུབ་འབྲས་རྣམས་རྐུ་འཁྱེར་དང་གཡོ་ལེན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་སྟེ། ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་ཨ་རིའི་གཞུང་གིས་རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་གཅིག་པུ་མ་ཡིན་པར་ཧྭ་ཝེ་གློག་ཆས་བཟོ་ཚོང་ཁང་ལའང་ཨ་རི་དང་མཉམ་འབྲེལ་བྱས་པའི་གན་རྒྱའི་འབྲུ་དོན་ཁག་ལ་འགལ་འཛོལ་བྱུང་ཡོད་མེད་ཞིབ་བཤེར་བྱ་སྲིད་ཅེས་གནས་ཚུལ་སྤེལ་ཡོད། ཨ་རི་དང་མཉམ་འབྲེལ་བྱེད་བཞིན་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཆེ་ཤོས་ཧྭ་ཝེས་གློག་ཆས་རིགས་བརྒྱུད་ནས་ཨ་རི་སོགས་རྒྱལ་ཁབ་གཞན་ལ་གསང་མྱུལ་གྱི་ལས་དོན་སྒྲུབ་ཀྱི་ཡོད་པར་མི་མང་པོས་དོགས་ཟོན་པ་བྱེད་ཀྱི་ཡོད་པ་དང་། ད་ལོའི་སྤྱི་ཟླ་དང་པོའི་ནང་དུ་ཨ་རིའི་བརྡ་འཕྲིན་བཟོ་ཚོང་ལས་ཁང་ཨེ་ཊི་ཨེན་ཊི་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱ་རྒྱུ་མཚམས་བཞག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

XS
SM
MD
LG