ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

སྒ་སྐྱེ་དགུ་མདོ་ཁུལ་དུ་ལོ་བརྒྱད་ཀྱི་སྔོན་ལ་བྱུང་པའི་ས་ཡོམ་གྱི་གོད་ཆགས་ཁྲོད་འདས་གྲོངས་ལ་སོང་བ་ཚོར་དྲན་གསོ་ཞུས་པ།



སྒ་སྐྱེ་དགུ་མདོ་ཁུལ་དུ་ས་ཡོམ་གྱི་བར་ཆད་བྱུང་སྟེ་ལོ་ངོ་བརྒྱད་ཧྲིལ་པོ་འཁོར་བའི་ཉིན་ཡུལ་མི་བརྒྱ་ཕྲག་མང་པོ་འཛོམས་ཏེ་བསྔོ་སྨོན་འདོན་འདུག

འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། སྐྱེ་དགུ་དགོན་པར་མི་མང་པོ་འཛོམས་ཏེ་བསྔོ་སྨོན་འདོན་ཡོད་པ་དང་། གཞན་ཡང་ཉིན་མོ་དེར་སྒ་སྐྱེ་དགུའི་བཀའ་བརྒྱུད་འདམ་དཀར་དགོན་པའི་ཉེ་འདབས་ཀྱི་རི་བོར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཐང་ཆེན་པོ་ཞིག་གཤམ་པའི་མདུན་དུ་ཡུལ་མི་གཙོ་བོར་གྱུར་པའི་དད་ལྡན་པ་མང་པོས་མཇལ་དར་ཕུལ་ཏེ་གུས་པ་ཆེན་པོས་མཇལ་ཁ་ཞུས་ཤིང་། འདམ་དཀར་དགོན་པའི་དོལ་མོ་ཆེ་རྗེ་རིན་པོ་ཆེ་དབུ་བཞུགས་གནང་ཡོད་འདུག

འདས་པའི་ཉིན་ཤས་ནས་བཟུང་སྤྱི་ཚོགས་དྲ་རྒྱའི་ཐོག་སྒ་སྐྱེ་དགུ་མདོ་ཁུལ་དུ་ས་ཡོམ་སྐབས་འདས་གྲོངས་སུ་གྱུར་པའི་ཕུང་པོ་མང་པོ་སྡེབ་ཏུ་བསྲེགས་པའི་པར་རིས་དང་མཆོད་མེའི་པར་རིས། མ་ཎིའི་གཟུངས་སྔགས་དང་ཕྱག་རྒྱ་བྱས་པའི་འདྲ་པར་བཞག་སྟེ་དྲན་གསོ་ཞུ་མཁན་བོད་མི་ཁག་ཅིག་འདུག་པས། བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མིའི་ཚོའི་སེམས་ཁོངས་སུ་བོད་ཁུལ་གྱི་ས་ཡོམ་གོད་ཆགས་ཚབས་ཆེན་འདི་བརྗེད་མེད་པ་མངོན་ཐུབ་ཡོད། བོད་མི་ཞིག་གིས་སྤྱི་ཚོགས་དྲ་རྒྱའི་སྟེང་ལ། སང་ཉིན་ནི་བརྗེད་མི་ཐུབ་པའི་བཞི་གཅིག་བཞི་ཡུལ་ཤུལ་ས་ཡོམ་མུན་ནག་གི་དུས་ངན་ཉིན་སྤུན་ཟླ་མང་པོའི་ཚེ་སྲོག་ཤོར་ཡོད་པར་བརྟེན་ང་ཚོ་ཚང་མས་དུས་དྲན་ཉིན་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་ངེར་པར་དུ་འཇུག་དགོས་ཞེས་སྐུལ་མ་ཞུས་འདུག

དྲ་རྒྱ་སྤྱོད་མཁན་བོད་མི་ཁག་ཅིག་གིས་བཞི་གཅིག་བཞི་ཡི་ཉིན་ནག་ཅེས་འབོད་དེ། གངས་ལྗོངས་མཐོ་སྒང་གི་གྲོང་ཚོ་སྟེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་ཉམས་རྒུད་ཀྱི་གོད་ཆགས་ཤོར་བའི་ལོ་ནག་ སྤུན་ཟླ་མིང་སྲིང་ཁྲི་སྟོང་གི་ཚེ་སྲོག་གི་གསང་བ་ཤོར་བའི་ཟླ་ནག ཤི་གསོན་འབུམ་ཕྲག་དུ་མས་སྐད་ངན་གྱི་འབོད་སྒྲ་ཐོས་པའི་ཞག་ནག་འཁེལ་བའི་སྐབས་དངོས་ཤུགས་རྒྱུད་གསུམ་གྱི་རོགས་ཕན་གནང་མཁན་མི་རིགས་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་། འདས་པོ་ཡོངས་ཀྱི་དུས་དྲན་ལ་རྣམ་དཀར་དགེ་བའི་བྱ་བར་འབད་དགོས་པའི་དྲན་སྐུལ་ཞུས་འདུག

XS
SM
MD
LG