ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་དམག་ཞབས་ཟུར་པའི་ལྷན་ཁང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དམག་ཞབས་ཟུར་པ་ཚོས་རྒས་ཕོགས་དང་སྨན་བཅོས་སོགས་ཀྱི་ཐོབ་ཐང་དགོས་ཞེས་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུ་མང་དུ་བྱུང་། རྒྱ་ནག་ནི་འཛམ་གླིང་གི་དམག་མིའི་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་རྒྱ་ནག་ལ་དམག་ཞབས་ཟུར་པའང་འབུམ་ཕྲག་མང་པོ་ཡོད་ཅིང་། ད་བར་རྒྱ་ནག་གི་དམག་ཞབས་ཟུར་པ་ཚོར་རྒས་ཕོགས་དང་སྨན་ཡོན། ལས་ཀ་གསར་པ་དང་སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་། རྒྱ་ནག་གི་སྤྱི་ཚོགས་སུ་དམག་ཞབས་ཟུར་པ་ཚོར་གུས་ཞབས་དང་མིའི་ཆེ་མཐོང་མེད་པར་ཡིད་མ་ཚིམས་པར་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུ་རྟག་ཏུ་འབྱུང་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་དམག་ཞབས་ཟུར་པའི་ལྷན་ཁང་ཞེས་རྒྱལ་ཁབ་ཀྱི་བློན་ཆེན་རིམ་པའི་ལྷན་ཁང་གསར་པ་ཞིག་འཛུགས་རྒྱུའི་ཐག་བཅད། གཟའ་མཇུག་འདིར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གིས་རྒྱལ་ཁབ་ཀྱི་དམག་ཞབས་ཟུར་པའི་ལྷན་ཁང་ཞིག་འཛུགས་རྒྱུ་དེ་ལ་དངོས་སུ་ཆོག་མཆན་བཀོད་ཡོད་པ་རེད། རྒྱ་ནག་གི་དམག་ཞབས་ཟུར་པའི་ལྷན་ཁང་གིས་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་ཞབས་ཟུར་པ་རྣམས་བསྐྱར་དུ་ཁྱིམ་གཞི་ཆགས་ཐབས་དང་ལས་ཀ་གསར་པ་གོ་སྒྲིག རྒྱ་ནག་གི་སྤྱི་ཚོགས་སུ་དམག་ཞབས་ཟུར་པ་རྣམས་ལ་ཆེ་མཐོང་དང་གུས་ཞབས་ལྡན་པའི་བག་ཆགས་མཐོར་འདེགས་ཀྱི་ལས་དོན་ཁག་དབུས་གཞུང་གིས་གཅིག་གྱུར་གྱིས་གཉེར་རྒྱུ་ཡིན་ཞིང་། རྒྱ་ནག་གི་དམག་ཞབས་ཟུར་པའི་ལྷན་ཁང་གིས་དམག་ཞབས་འདས་པོ་རྣམས་ཀྱི་བཟའ་མི་ཚོར་ལྟ་རྟོག་དང་འདས་པོ་རྣམས་ཀྱི་དུར་ས་ལ་བདག་སྐྱོང་བྱ་རྒྱུ། ད་སྔ་རྒྱ་ནག་གི་དམག་ཞབས་ཟུར་པ་ཚོར་དམངས་སྲིད་ལྷན་ཁང་དང་ལས་བྱེད་བདག་གཉེར་ཁང་། སྤྱི་ཚོགས་འགན་སྲུང་ཁང་དང་དབུས་དམག་དོན་ལྷན་ཁང་བཅས་ཀྱིས་ལྟ་སྐྱོང་བྱེད་ཀྱི་ཡོད་ཀྱང་ན་ནིང་ཕྱི་ཟླ་༢་པར་རྒྱ་ནག་གི་དམག་ཞབས་ཟུར་པ་ཚོས་པེ་ཅིང་གྲོང་ཁྱེར་དུ་ཉི་མ་གཉིས་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ནས་རྒན་ཡོལ་གྱི་ཐོབ་ཐང་མ་རེག་པ་རྣམས་སྤྲོད་དགོས་ཞེས་སྐད་འབོད་བྱས་པ་མ་ཟད། ༢༠༡༦་ལོར་རྒྱ་ནག་གི་དམག་ཞབས་ཟུར་པ་༡༠༠༠་ལྷག་གིས་རྒྱལ་སྲུང་ལྷན་ཁང་གི་མདུན་དུ་ངོ་རྒོལ་བྱས་ཡོད། ༢༠༡༥་ལོར་ཞིས་ཅིན་ཕིང་གིས་རྒྱ་ནག་གི་དམག་གྲངས་འབུམ་༣་ཉུང་དུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། བདུན་ཕྲག་སྔོན་མར་སྲིད་བློན་ལི་ཁེ་ཆང་གིས་རྒྱ་ནག་གི་དམག་གྲངས་ཉུང་དུ་གཏོང་དགོས་པའི་ལས་དོན་ཕལ་ཆེ་བ་འགྲུབ་གྲབས་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག རྒྱ་ནག་གིས་དམག་གྲངས་ཉུང་དུ་བཏང་ནས་དངུལ་སྒོར་བསྲི་ཚགས་བྱས་པ་རྣམས་དེང་རབས་ཅན་གྱི་དམག་དོན་ཡོ་བྱད་ཡར་རྒྱས་གཏོང་རྒྱུ་དེ་ལ་འགྲོ་གྲོན་བཏང་སྟེ། རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དམག་གི་དཔུང་སྡེ་རྣམས་དེང་རབས་ཅན་ལ་བསྒྱུར་དགོས་པའི་དམིགས་ཡུལ་བཅངས་ཡོད་པ་སྟེ། ཉེ་འཆར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་དམག་དོན་འགྲོ་གྲོན་བརྒྱ་ཆ་༨་དང་གྲངས་ཆུང་༡་སྤར་ཡོད་པ་རེད། རྒྱ་ནག་གི་དམག་ཞབས་ཟུར་པའི་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས་མཁན་གྲས་སུ་༡༩༧༩་ལོར་འཁྱུག་ཙམ་རིང་ལ་བརྒྱབ་པའི་ཝི་ཏེ་ནམ་གྱི་དམག་འཁྲུག་ཁོངས་སུ་ཞུགས་པའི་དམག་ཞབས་ཟུར་པ་ཚོ་ཡོད་པ་དང་། ༡༩༧༩་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་དམག་འཁྲུག་ཆེན་པོ་ཞིག་བརྒྱབ་མྱོང་མེད་པས་རྒྱ་ནག་གི་དམག་ལ་འཐབ་འཁྲུག་གི་ཉམས་མྱོང་མེད་པ་དང་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་འཛུགས་ཚོང་ལས་ཅན་དུ་གྱུར་ནས་ལྐོག་ཟ་རུལ་སུངས་སུ་གྱུར་པ། རྒྱ་ནག་གི་དམག་གི་གོ་གནས་རྣམས་དངུལ་སྒོར་སྤྲད་ནས་ཉོ་རྒྱུ་ཡོད་པ་སོགས་རྒྱ་ནག་གི་དམག་གི་སྒྲིག་འཛུགས་ལ་ལྟ་ཚུལ་ངན་པ་དང་། རྒྱ་ནག་གཞུང་གིས་རང་གི་དམག་ཞབས་ཟུར་པ་ཚོར་ལྟ་སྐྱོང་ཡག་པོ་བྱེད་ཀྱིན་མེད་པའི་ལྟ་ཚུལ་ངན་ཞིག་ཡོང་གི་ཡོད་ཅིང་། སྲིད་འཛིན་ཞིས་ཅིན་ཕིང་གིས་ཏང་སྲིད་དམག་གི་ལྐོག་ཟ་རུལ་སུངས་རྣམས་གཙང་སེལ་བྱ་རྒྱུ་དང་རྒྱ་ནག་གི་འགོ་ཁྲིད་ཚོར་ལས་དུས་ཀྱི་ཚད་བཀག་ཡོད་པའང་མེད་པར་བཏང་སྟེ། རྒྱ་ནག་ལ་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་སླར་གསོ་བྱེད་ཀྱིན་ཡོད་པར་དམག་ཞབས་ཟུར་པ་ཚོས་རྒྱབ་སྐྱོར་འཐོབ་རྒྱུ་གནད་འགག་ཆེན་པོ་ཡིན་པ་དང་། ཞིས་ཅིན་ཕིང་གིས་རང་གི་སྲིད་དབང་སྲ་བརྟན་གཏོང་ཐབས་སུ་དམག་ཞབས་ཟུར་པ་ཚོས་ཟིང་འཁྲུག་མི་སློང་བར་ཞི་བདེ་བག་ཕེབས་སུ་གནས་རྒྱུ་དེ་བས་ཀྱང་གནད་འགག་ཆེན་པོ་ཞིག་ཏུ་ཆགས་ཡོད་པ་རེད།།

XS
SM
MD
LG