ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཐུན་ཚོགས།
please wait

No media source currently available

0:00 0:04:42 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་མ་ཐག་ཏུ་ཨ་མི་རི་ཀ་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པ་དང་། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མའི་སྲིད་གཞུང་གིས་ལོ་བརྒྱད་ཀྱི་རིང་ལ་ཞི་བདེ་རྒྱ་མཚོའི་ཕ་རོལ་ཚུ་རོལ་གྱི་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་གྲོས་བསྡུར་བྱས་ཏེ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་སྟོབས་ཤུགས་ཆེ་དྲགས་པར་ཁ་གཏད་གཅོག་རྒྱུའི་ཆེད་དུ་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཞེས་པའི་མཐུན་ཚོགས་ཆེན་པོ་ཞིག་འཛུགས་ཐབས་བྱས་མོད། འོན་ཀྱང་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་ཁེ་ཕན་མེད་པའི་རང་དབང་ཚོང་ལས་མཉམ་འབྲེལ་དེར་མཉམ་ཞུགས་བྱ་རྒྱུ་མིན་ཞེས་ཕྱིར་འཐེན་བྱས་ཤིང་། ཐ་ན་སྲིད་གཞུང་ཨོ་བྷ་མའི་གཞུང་གིས་འགོ་བཙུགས་པའི་རང་དབང་ཚོང་ལས་ཀྱི་མཐུན་ཚོགས་དེ་ཁ་འཐོར་གྲབས་སུ་གྱུར་རུང་། གཟའ་འཁོར་འདིར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རང་གི་དཔལ་འབྱོར་སློབ་སྟོན་པ་རྣམས་འབོད་འགུགས་བྱས་ནས་ཨ་མི་རི་ཀ་བསྐྱར་དུ་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་སུ་མཉམ་ཞུགས་བྱ་རྒྱུའི་གྲོས་མོལ་བྱ་དགོས་ཞེས་བཀོད་འདོམས་བྱས་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཀྱང་ཨ་མི་རི་ཀས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་ཞིག་ཐེབས་ཐུབ་པའི་ཐབས་ལམ་འབའ་ཞིག་ནི་ཨ་མི་རི་ཀ་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་སུ་མཉམ་ཞུགས་བྱས་ན་དགེ་མཚན་འདུག་ཅེས་ནན་བརྗོད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་འཛམ་གླིང་འདིར་རང་དབང་ཚོང་ལས་ཀྱི་མཐུན་ཚོགས་གང་འདྲ་ཞིག་ཚུགས་ཀྱང་ཕྱི་གསལ་ནང་གསལ་དང་རྒྱལ་ཁབ་ཚང་མ་ཁོངས་སུ་ཚུད་པ། གོ་ལ་གཅིག་གྱུར་གྱི་རང་དབང་ཚོང་ལས་དེའི་ལམ་སྲོལ་དང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་རྩ་དོན་ཁག་རྩ་འཛིན་བྱེད་པའི་ཚོང་ལས་ཀྱི་མཐུན་ཚོགས་ཁག་ལ་རྒྱབ་སྐྱོར་ཡོད་ཅེས་བཤད་ཡོད། ཡིན་ནའང་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་སུ་རྒྱ་ནག་མ་བཅུག་པར་དགའ་མོས་བྱུང་མེད། ན་ནིང་ཨ་མི་རི་ཀ་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པ་དེས་རྒྱ་ནག་གི་འདོད་དོན་ཆེན་པོ་ཞིག་གྲུབ་ཡོད། ད་ལྟ་ཨ་མི་རི་ཀ་སླར་ཡང་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་སུ་ཞུགས་སྲིད་པར་རྒྱ་ནག་གི་འགོ་ཁྲིད་ཚོས་བློ་འཚབ་བྱེད་ཀྱི་ཡོད་རུང་རྒྱ་ནག་གིས་འཕྲལ་དུ་རང་གི་སྲིད་ཇུས་ལ་སྒྱུར་བཅོས་གཏོང་གི་མེད་པ་རེད། ཕྱི་ཟླ་༤་ཚེས་༡༣་ཉིན་ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། ད་དུང་དེ་མིན་གྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀ་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་སུ་ཕྱིར་ལོག་བྱེད་ཆོག་ཆོག་ཅིག་མེད། གལ་སྲིད་རང་དབང་ཚོང་ལས་མཉམ་འབྲེལ་དེས་གུ་བཤངས་ཤིག་བྱ་དགོས་བྱུང་ན་ཨ་མི་རི་ཀའི་ཕྱོགས་ནས་ངེས་པར་དུ་གུ་བཤངས་བྱ་དགོས། ད་ལྟ་རྒྱལ་ཁབ་༡༡་གི་རང་དབང་ཚོང་ལས་མཉམ་འབྲེལ་འདིར་ཆ་མཉམ་དང་སྟོབས་ཤུགས་སྙོམས་པོ། ཚོང་ལས་ཀྱི་སྟོབས་ཤུགས་ལའང་ཁྱད་པར་ཆེན་པོ་མེད་པའི་སྙོམས་པོ་ཞིག་བྱུང་ཡོད། ང་ཚོས་རང་གི་ཚོང་ལས་མཐུན་ཚོགས་དེའི་སྟོབས་ཤུགས་ཆ་མཉམ་ལ་དོ་ཕོག་གཏོང་དུ་འཇུག་འདོད་མེད་ཅེས་ཨ་མི་རི་ཀ་ལས་སླ་བོར་འཛུལ་ཞུགས་བྱེད་དུ་འཇུག་རྒྱུ་མིན་པའི་བརྡ་ཞིག་བཏང་འདུག རྒྱ་ནག་གིས་ཨ་མི་རི་ཀ་མ་བཅུག་པར་ཨེ་ཤི་ཡའི་མངའ་ཁུལ་གྱི་རང་དབང་ཚོང་ལས་མཐུན་ཚོགས་ཆེན་པོ་ཞིག་འཛུགས་འཆར་ཡོད་པ་དེའི་ཁོངས་སུ་ཉི་ཧོང་དང་རྒྱ་གར། ཨོ་གླིང་རྒྱལ་ཁབ་བཅས་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་དང་ཨེ་ཤི་ཡའི་རྒྱལ་ཁབ་༡༦་གི་མགྲོན་འབོད་ཡོད་པ་དང་། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཟུར་པ་ཞིག་གིས་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་སུ་རྒྱ་ནག་མ་བཅུག་ཀྱང་ཁྱད་པར་མེད། རྒྱ་ནག་གིས་འཕྲུལ་རིག་ལག་རྩལ་དང་ཚན་རིག་གི་ཁྲོམ་ར་གསར་པ་འཚོལ་ཆོག ཡིན་ནའང་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ནི་ཨ་མི་རི་ཀའི་སྟོབས་ཤུགས་ཨེ་ཤི་ཡར་རྒྱ་སྐྱེད་གཏོང་རྒྱུའི་ཆེད་དུ་ཡིན། དེས་ན་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་རྒྱ་ནག་ལ་ཁེ་ཕན་མེད་པ་དང་རྒྱ་ནག་གི་བདེ་འཇགས་ལ་གནོད་སྐྱོན་ཡོད་པ་ཞིག་རེད་ཅེས་བཤད་ཅིང་། དེང་སྐབས་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་སུ་ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། ཁེ་ན་ཌ་དང་ཝི་ཏེ་ནམ། ནེའུ་ཟི་ལན་ཌི་དང་ཆི་ལེ། བྷུ་རུ་ནེ་དང་མ་ལེ་ཞི་ཡ། མེཀ་སི་ཀོ་དང་ཕེ་རུ། སིང་ག་པུར་བཅས་འདུས་ཡོད། ཉི་ཧོང་གི་ཁེ་ཨོ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་སློབ་དཔོན་ཝ་ཏ་ན་བྷིས་ཨ་མི་རི་ཀ་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་སུ་ཕྱིར་ལོག་བྱས་ན་དགེ་མཚན་ཆེན་པོ་ཡོད། ཉི་ཧོང་གིས་ཨ་མི་རི་ཀ་རང་དབང་ཚོང་ལས་ཀྱི་མཐུན་ཚོགས་དེར་བསྐྱར་དུ་མཉམ་ཞུགས་བྱ་དགོས་ཞེས་སྐུལ་ལྕག་ནན་པོ་བཏང་བ་དང་། ད་ལྟ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ས་བབ་ཆབ་སྲིད་ཀྱི་གནད་འགག་ངོས་ཟིན་པ་ཡག་པོ་རེད། ཡིན་ནའང་རྒྱ་ནག་ཀྱང་ཚོགས་ཁོངས་དེར་མཉམ་ཞུགས་བྱེད་དུ་བཅུག་ན་དགེ་མཚན་ཆེ། རྒྱ་ནག་ཚོགས་ཁོངས་དེར་བཅུག་ནས་ལེགས་བཅོས་གཏོང་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་བཤད་འདུག བདུན་ཕྲག་རྗེས་མར་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེ་ཨ་མི་རི་ཀར་འཚམསའདྲིར་ཕེབས་ཀྱི་ཡོད་པ་དང་། ཁོང་གིས་མ་ར་ལ་གོ་སྤྲོད་སྐྱིད་ཁང་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པས་སྐབས་དེར་ཨ་མི་རི་ཀ་སླར་ཡང་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུ་སྟབས་བདེ་བོ་ཡོད་མེད་ཚོད་དཔག་ཐུབ་སྲིད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་ཆེན་མོ་ལྔའི་སྒོ་ཁྲལ་སྤར་རྒྱུའི་ཁྱབ་བསྒྲགས་བྱས་ཏེ། རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དེར་བརྟེན་ཨ་མི་རི་ཀའི་ཞིང་འབྲོག་ས་ཁུལ་གྱི་ཐོན་སྐྱེད་མང་པོ་ཞིག་ཕྱིར་ཚོང་བྱ་ཡུལ་ཁྲོམ་ར་བཙལ་དགོས་པར་བརྟེན། ཨ་མི་རི་ཀའི་གཞུང་གིས་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་རང་དབང་ཚོང་ལས་མཉམ་འབྲེལ་ལ་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG