ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སློབ་ཆེན་ཁག་གི་རྒྱ་ནག་གི་གསང་མྱུལ།
please wait

No media source currently available

0:00 0:03:16 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་རིའི་སློབ་ཆེན་ཁག་གཙོས་རིག་གཞུང་གི་སྡེ་ཚན་ཁག་ཏུ་རྒྱ་ནག་གི་གསང་མྱུལ་འཛུལ་ཞུགས་བྱས་འདུག་ཅེས་ཁ་སང་སྤྱི་ཟླ་༤་ཚེས་༡༡་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཆུང་ཞིག་ཏུ་ཉན་ཞིབ་ཚོགས་འདུ་སྐུང་སྟེ། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གི་རིག་གཞུང་ཞིབ་འཇུག་པ་དང་སློབ་མའི་མིང་ཐོག་ཏུ་གསང་མྱུལ་བ་ཨ་རིའི་སློབ་ཆེན་ཁག་ཏུ་སློབ་གཉེར་བྱས་ནས་ཚན་རིག་ལག་རྩལ་སོགས་ཀྱི་ཤེས་བྱ་དང་གསང་བའི་ལག་རྩལ་རྣམས་རྐུ་འཁྱེར་གྱིས་ཨ་རི་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་འདུག རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་པའི་ཤེས་ཡོན་ཅན་མི་ཆིག་སྟོང་ཡས་མས་ཤིག་རྒྱ་ནག་ལ་ཕྱིར་འགུགས་ཐུབ་པའི་འཆར་གཞི་ཞིག་ཡོད་པའི་དམིགས་ཡུལ་ངོ་མ་ནི་ཨ་རིའི་ཚན་རིག་ལག་རྩལ་རྐུ་འཁྱེར་བྱ་རྒྱུའི་ཆེད་དུ་ཡིན་པའི་ངོས་འཛིན་བྱས་འདུག ཉན་ཞིབ་ཚོགས་འདུའི་སྟེང་དུ་རྒྱ་ནག་གི་སློབ་མ་དང་རིག་གཞུང་ཉམས་ཞིབ་པ་རྣམས་དོན་དངོས་སུ་ཉམས་ཞིབ་པ་ཡིན་ནམ། ཡང་ན་གསང་མྱུལ་བ་ཡིན་ནམ། རྒྱ་ནག་གིས་ཨ་རིའི་ཚན་རིག་ལག་རྩལ་རྐུ་འཁྱེར་བྱ་རྒྱུ་དམིགས་སུ་བཟུང་ནས་ངན་ཇུས་གཤོམ་གྱི་ཡོད་པར་དོགས་ཟོན་བྱ་དགོས་ཞེས་གླེང་སློང་བྱུང་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་དང་གྲོས་ཚོགས་འོག་མའི་ཚན་རིག་དང་མཁའ་དབྱིངས་ཞིབ་འཇུག་ཚོགས་ཆུང་གི་འགན་འཛིན་ལཱ་མར་སི་མཱེ་སིས་ཉན་ཞིབ་ཚོགས་འདུའི་སྟེང་དུ་བརྗོད་དོན་ལྟར་ན་རྒྱ་ནག་གིས་ཕུགས་རྒྱང་རིང་པོའི་དམིགས་ཡུལ་གསལ་བོ་ཞིག་འཆང་འདུག ཁོ་ཚོས་ཚན་རིག་ལག་རྩལ་གྱི་ཁྱབ་ཁོངས་གནད་འགག་ཅན་དེ་དག་གི་ཁོངས་སུ་རྒྱལ་སྤྱིའི་ཐོག་ཏུ་གོི་གནས་གཙོ་བོ་འཛིན་དགོས་བསམ་པའི་ཕུགས་འདུན་འཆང་ཡོད་པ་རེད། ད་ལྟ་རྒྱ་ནག་གིས་འཆར་གཞི་འདི་ལག་བསྟར་བྱེད་ཐབས་མངོན་གསལ་དོད་པོ་ཞིག་མིན་རུང་དམིགས་ཡུལ་དེ་ཉིད་ཨ་རིའི་ཚན་རིག་དང་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་དག་གི་གསང་བའི་ཤེས་བྱ་དང་ལག་རྩལ་རྣམས་རྐུ་འཁྱེར་བྱ་ཐབས་དང་དྲ་རྒྱ་བརྒྱུད་ནས་ཨ་རིའི་བཟོ་ཚོང་ལས་ཁང་དེ་དག་ལ་གཏོར་རྒོལ་བྱ་རྒྱུ་བཅས་ལ་གསང་མྱུལ་ཚོས་ཐབས་ལམ་སྣ་མང་པོ་ཞིག་བརྒྱུད་ནས་འབད་བརྩོན་བྱེད་ཀྱི་ཡོད་པས་ཨ་རིའི་བདེ་འཇགས་ལ་ཉེན་ཀ་འབྱུང་བཞིན་ཡོད། རྒྱ་ནག་གིས་མངོན་གསལ་མེད་པར་གསང་མྱུལ་བ་མངགས་ནས་ཨ་རིའི་ཞིབ་འཇུག་གཙོ་བོར་གྱུར་པའི་སློབ་ཆེན་ཁག་གི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་རྣམས་རྐུ་འཁྱེར་བྱེད་ཀྱིན་འདུག་ཅེས་བརྗོད་འདུག གཞན་ཡང་ཨ་རི་དང་རྒྱལ་ཁབ་གཞན་གྱི་གསང་བའི་ལས་ཁུངས་ཁག་གིས་ཨ་རིའི་སློབ་ཆེན་ཁག་བེད་སྤྱོད་ཇི་ལྟར་གཏོང་གི་ཡོད་མེད་ལ་དབྱི་ཞིབ་ཀྱིས་དཔེ་དེབ་རྩོམ་པ་པོ་ཌེ་ཌི་ནོ་གྷོལ་ཌན་གྱིས་ཉན་ཞིབ་ཚོགས་འདུའི་སྟེང་དུ་རྒྱ་ནག་གིས་ཨ་རིའི་སློབ་ཆེན་ཁག་གི་ཞིབ་འཇུག་གྲུབ་འབྲས་ཀྱི་གསང་བའི་རིག་གནས་རྣམས་རྐུ་འཁྱེར་བྱ་རྒྱུའི་འབད་བརྩོན་ཆེན་པོ་བྱེད་ཀྱི་འདུག རྒྱ་ནག་གིས་སློབ་གསོ་རྒྱལ་སྤྱི་ཅན་དུ་ཁ་ཕྱོགས་སྒྱུར་པ་དང་སྟབས་བསྟུན་ནས་རིག་གཞུང་ཉམས་ཞིབ་པའི་མིང་ཐོག་ཏུ་གསང་མྱུལ་བ་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་མངག་གི་ཡོད་ཅིང་། ༡༩༧༨་ལོར་རྒྱ་ནག་གིས་ཨ་རིར་སློབ་ཕྲུག་གཏོང་མགོ་བརྩམས་ནས་བཟུང་སྟེ་གསང་མྱུལ་བ་མངགས་པའི་གྲངས་ཀ་ཇེ་མང་དུ་ཕྱིན་ཡོད་ཅེས་བཤད། སྤྱིར་རྒྱ་ནག་གི་སློབ་མ་མང་ཆེ་བ་ཨ་རི་ལ་ཉེན་ཀ་མེད་པར་ཨ་རིའི་སློབ་ཆེན་ཁག་ཏུ་རྣམ་པ་གསར་པ་ཞིག་དང་གསོན་ཤུགས་གསར་པ་ཞིག་སྤྲོད་ཀྱི་ཡོད་པ་མ་ཟད། ད་དུང་སློབ་མ་ཁག་ཅིག་གིས་གསང་མྱུལ་གྱི་ལས་དོན་སྒྲུབ་པ་དང་སློབ་ཕྲུག་ཁ་ཤས་ཀྱིས་གསང་མྱུལ་དེ་དག་ཨ་རིའི་ཁྲིམས་ཁང་ཁག་ཏུ་གཏུགས་ནས་རྩིས་སྤྲོད་བྱས་པའི་གནས་ཚུལ་བྱུང་འདུག ཉམས་ཞིབ་པས་ཤེས་གསལ་ལ་སྤྱི་ལོ་༢༠༠༠་ཚུན་ཆད་ནས་ཉུང་མཐར་ཡང་རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་༣༠་ལྷག་ལ་དཔལ་འབྱོར་གྱི་གསང་མྱུལ་བ་ཡིན་པ་དང་ཚོང་ལས་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་ནག་ཉེས་ཕོག་ནས་ཨ་རིའི་ཁྲིམས་ཁང་ཁག་ཏུ་ཁྲིམས་ལ་གཏུགས། སློབ་ཕྲུག་དེ་དག་ཨ་རིའི་ཧ་ཝྭར་ཌི་སློབ་ཆེན་དང་སི་ཊན་ཧྥོར་ཌི། ཀོ་ལིམ་བྷི་ཡ་སོགས་ཨ་རིའི་སྐད་གྲགས་ཅན་གྱི་སློབ་ཆེན་ཁག་ཏུ་ཞུགས་ཀྱི་ཡོད་ཅིང་། ཐེངས་འདིའི་ཉན་ཞིབ་ཚོགས་འདུའི་ཐོག་ཏུ་ཨ་རིའི་སློབ་ཆེན་ཁག་ཏུ་ཚུགས་པའི་ཁུང་ཙིའི་སློབ་གླིང་ཁག་བརྒྱུད་ནས་རྒྱ་ནག་གིས་འཇམ་སྟོབས་རྒྱ་བསྐྱེད་ནས་འབྱུང་འགྱུར་གྱི་ཨ་རིའི་དབུ་ཁྲིད་གསར་པ་ཚོར་ཤུགས་རྐྱེན་སྤྲོད་ཐབས་དང་། ཨ་རིའི་སློབ་ཆེན་ཁག་ཏུ་དངུལ་སྒོར་གྱི་འགྲོ་གྲོན་འཕོན་ཆེན་བཏང་ནས་གསང་བའི་གནས་ཚུལ་བསྡུ་རུབ་བྱ་ས་འཛུགས་ཐབས་བྱས་ཡོད་པ་སོགས་བགྲོ་གླེང་བྱུང་འདུག

XS
SM
MD
LG