ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨེ་ཌི་གྷར་སི་ནོའི་ཆུང་མ་འདས་གྲོངས།


༄༅།། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གི་གྲོགས་པོ་དང་ཨ་མི་རི་ཀའི་གསར་འགོད་པ་གྲགས་ཅན་ཨེ་ཌི་གྷར་སི་ནོ་འདས་པོ་དེའི་ཆུང་མ་ལོ་ཝི་སི་ཝི་ལར་ཕྱི་ཟླ་༤་ཚེས་༣་ཉིན་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་ལོ་ན་༩༧་ཐོག་ཏུ་འདས་གྲོངས་སུ་གྱུར་པ་དང་། ༡༩༥༩་ནས་ལོ་སི་ཝི་ལ་དང་ཨི་ཌི་གྷར་སི་ནོ་གཉིས་འཛམ་གླིང་གི་མཛེས་སྡུག་ལྡན་པའི་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་གཏན་སྡོད་བྱས་འདུག ༡༩༤༩་ནས་ལོ་ཝི་སི་ཝི་ལར་ཨ་མི་རི་ཀའི་ཟློས་གར་འཁྲབ་སྟོན་པ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་ཏུ་གྱུར་ནས་ཨེ་ཌི་གྷར་སི་ནོ་ལ་གཉེན་བསྒྲིགས། ༡༩༣༧་ལོར་ཨི་ཌི་གྷར་སི་ནོས་རྒྱ་ནག་ལ་དར་དམར་བསྒྲེངས་ཞེས་པའི་དཔེ་དེབ་བརྩམས་ནས་ནུབ་ཕྱོགས་ཀྱི་ཀློག་པ་པོ་ཚོར་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ཀྲུག་ཨེན་ལེ་སོགས་མཚམས་སྦྱོར་བྱས་པ་མ་ཟད། གུང་ཁྲན་ཏང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་པར་དམར་དམག་རྒྱང་སྐྱོད་དང་གསར་བརྗེའི་ལས་འགུལ་སྤེལ་གྱི་ཡོད་པ་སོགས་དངོས་སུ་བྲིས་ནས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གུང་ཁྲན་ཏང་གི་འཇབ་དམག་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། ༢༠༡༡་ལོར་ལོ་ཝི་སི་ཝི་ལར་གྱིས་རྩོམ་ཡིག་ཅིག་བྲིས་ནས་ཁོ་མོས་ཨེ་ཌི་གྷར་སི་ནོ་ལ་གཉེན་སྒྲིག་བྱས་ནས་བཟུང་སྟེ་རྒྱ་ནག་རང་གི་འཚོ་བའི་ཆ་ཤས་སུ་གྱུར་སོང་ཞེས་བཤད་པ་དང་། ༡༩༧༠་ཐམ་པར་ལོར་ཨེ་ཌི་གྷར་སི་ནོ་བཟའ་ཚང་གཉིས་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་སྲིད་བློན་ཀྲུག་ཨེན་ལེས་སྣེ་ལེན་དང་སུང་ཆིང་ལིང་གིས་གསོལ་སྟོན་བཤམས་པ། ཕྱི་ཟླ་༡༠་ཚེས་༡་གི་རྒྱལ་སྟོན་དུས་ཆེན་ཉིན་ཨི་ཌི་གྷར་སི་ནོ་བཟའ་ཚང་གཉིས་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གི་ལྷན་དུ་གནམ་བདེ་སྒོ་མོ་ཆེའི་ཁྱམས་རར་གདན་འདྲེན་ཞུས་ནས་དམག་གི་རུ་སྒྲིག་ལ་གཟིགས་ཞིབ་གནང་སྟེ། མའོ་ཙེ་ཏུང་གིས་ཨེ་ཌི་གྷར་སི་ནོ་གནམ་བདེ་སྒོ་མོའི་ཆེའི་ཁྱམས་རར་གདན་འདྲེན་ཞུས་པ་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིཀ་སེན་ལ་རྒྱ་ནག་གིས་ཨ་མི་རི་ཀར་ཕྱི་འབྲེལ་འཛུགས་འདོད་ཡོད་པའི་བརྡ་ཞིག་བཏང་བ་ཕྱིས་སུ་ཤེས་རྟོགས་བྱུང་ཡོད། ལོ་རབས་༧༠་མགོ་སྟོད་དུ་ཨེ་ཌི་གྷར་སི་ནོའི་སྙུང་གཞི་སྡུག་ཏུ་སོང་ནས་མའོ་ཙེ་ཏུང་དང་ཀྲུག་ཨེན་ལེ་སོགས་རྒྱ་ནག་གི་འགོ་ཁྲིད་ཚོས་སྨན་པ་གསུམ་དང་སྨན་ཞབས་པ་བཞི། སྐད་སྒྱུར་ཞིག་བཅས་སྨན་བཅོས་དང་ནད་གཡོག་སོགས་ཀྱི་རུ་ཁག་ཅིག་སུད་ཛར་ལན་ཌིར་མངགས་ནས་ཨི་ཌི་གྷར་སི་ནོར་བརྟག་དཔྱད་དང་སྨན་བཅོས་བྱས་ཀྱང་མ་ཕན་པར་༡༩༧༢་ལོར་ཨེ་ཌི་གྷར་སི་ནོ་འདས་གྲོངས་སུ་གྱུར་ཅིང་། ཨི་ཌི་གྷར་སི་ནོ་འདས་གྲོགས་སུ་གྱུར་པའི་རྗེས་སུའང་ཆུང་མ་ལོ་ཝི་སི་ཝི་ལར་གྱིས་རྒྱ་ནག་ལ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས་ཕྱི་ལོ་༢༠༠༠་ལོར་གསར་འགོད་པར་བརྗོད་དོན། ང་ནི་དམིགས་བསལ་གྱི་ཐོབ་ཐང་ཡོད་པའི་མི་ཞིག་ཡིན། ང་ཤེལ་ཡོལ་བརྒྱབ་པའི་རྒྱ་ནག་གི་དར་དམར་ལས་རྟགས་ཀྱི་རླངས་འཁོར་ནང་དུ་གང་སར་གདན་འདྲེན་ཞུས་མྱོང་། ང་ཨེ་ཌི་གྷར་སི་ནོའི་ཆུང་མ་ཡིན་པའི་སྟབས་ཀྱིས་མི་མང་པོ་ཞིག་ཐུག་འཕྲད་བྱུང་སོང་ཞེས་བཤད་འདུག ཡིན་ནའང་༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ནས་སློབ་ཕྲུག་དང་མི་དམངས་དཀྱུས་མ་སྟོང་ཕྲག་མང་པོ་བསད་པར་ལོ་ཝི་སི་ཝི་ལར་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་པ་དང་། ཐ་ན་པེ་ཅིང་སློབ་གྲྭ་ཆེན་མོར་ཨེ་ཌི་གྷར་སི་ནོའི་སྐུ་འདྲ་ཞིག་བཞེངས་ཡོད་པ་དེའི་འོག་ཏུ་འདས་པོ་དེའི་རུས་ཐལ་ཕྱེད་ཀ་སྤས་ཡོད་པ་ཕྱིར་ལེན་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་པ་མ་ཟད། ཁོ་མོས་སྐབས་དེའི་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཏིང་ཞའོ་ཕིང་དང་སྲིད་བློན་ཀྲུའུ་རོང་ཇི་སོགས་ལ་སྙན་ཞུ་བྲིས་ནས་རྒྱ་ནག་གཞུང་གིས་དྲུག་བཞིའི་ལས་འགུལ་དཀར་འདོན་བྱ་དགོས་པའི་འབོད་སྐུལ་ཞུས་འདུག རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པའི་ངའི་ཁྲིམས་འཛིན་དབང་ཚད་ཀྱི་ཁྱབ་ཁོངས་སུ་མེད་ཀྱང་ང་ལ་ཨེ་ཌི་གྷར་སི་ནོའི་ཆུང་མ་ཞེས་མིང་ཞིག་ཡོད་པས་ང་ལ་ལས་འགན་ཞིག་ཡོད་པའི་ཚོང་སྣང་བྱུང་སོང་ཞེས་བཤད་ཀྱང་ཕྱི་ལོ་༢༠༠༠་ལོར་ལོ་ཝི་སི་ཝི་ལར་ལོ་ན་༧༩་ཐོག་ཏུ་བུའི་མཉམ་དུ་རྒྱ་ནག་ལ་འཚམས་འདྲི་མཐའ་མ་དེར་ཕེབས་དུས་གནམ་བདེ་སྒོ་མོའི་ཐང་དུ་ཚེ་སྲོག་ཤོར་པའི་སློབ་ཕྲུག་ཅིག་གི་ཨ་མར་དངུལ་སྒོར་ཅུང་ཙམ་ཞལ་འདེབས་སྤྲོད་དགོས་བསམས་ཀྱང་དོན་འབྲས་སོན་མེད། ཕྱི་ལོ་༢༠༠༠་ལོའི་རྒྱ་ནག་གི་འཚམས་འདྲི་དེ་ལོ་སུམ་ཅུའི་གོང་དུ་འཚམས་འདྲི་དེ་དང་གཏན་ནས་མ་འདྲ་བ་ཞིག་ཡིན་པ་སྟེ། ཁོ་ཚོར་རྒྱ་ནག་གི་ཉེན་རྟོག་པ་དང་གསང་བའི་ལས་སྣེ་ཚོས་ལྟ་རྟོག་དང་རྗེས་འདེད། ལོ་ཝི་སི་ཝི་ལར་དགེ་རྒན་ཆེན་མོ་ཏིང་ཟི་ལིན་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད། དགེ་རྒན་ཆེན་མོ་ཏིང་ཙི་ལིན་གྱིས་ལོ་ཝི་སི་ཝི་ལར་རྒྱ་ནག་གི་བློས་ཐུབ་གྲོགས་པོ་རྙིང་པ་ཞིག་རེད། ཁོ་མོ་ང་ལ་ཐུག་འཕྲད་བྱེད་དུ་མ་བཅུག་པ་ནི་ཅི་འདྲའི་བསམ་གཅིག་རེད་ཨང་ཞེས་བཤད་མྱོང་ཡོད་པའི་གནས་ཚུལ་ཐོན་འདུག ལུ་ཝི་སི་ཝི་ལར་༡༩༢༠་ལོའི་ཕྱི་ཟླ་༧་ཚེས་༡༢་ཉིན་ཨ་རིའི་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེར་སྐྱེས་པ་དང་མཐོ་སློབ་ཏུ་གཏམ་རྒྱུད་འཁྲབ་སྟོན་སྦྱངས། ལོ་རབས་༤༠་པ་དང་༥༠་ནས་ཟློས་གར་འཁྲབ་སྟོན་པ་དང་གློག་བརྙན་འཁྲབ་མཁན་གྲགས་ཅན་ཞིག་ཏུ་གྱུར་ཀྱང་དམར་ཤོག་གི་ལམ་ལུགས་ལ་རྒྱབ་སྐྱོར་ཡོད་པའི་སྟབས་ཀྱིས་ཨ་མི་རི་ཀར་འདུག་ཐུབ་པར་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་གནས་སྤོར་བྱས་པ་དང་། ཁོ་མོའི་ཁྱོ་ག་ཨེ་ཌི་གྷར་སི་ནོ་ནི་ཕྱི་ལོ་༡༩༠༥་ལོའི་ཕྱི་ཟླ་༧་ཚེས་༡༥་སྐྱེས། ༡༩༣༦་ལོར་སུང་ཆིང་ལིན་གྱི་མཚམས་སྦྱོར་འཕྲིན་ཡིག་ཅིག་འཁྱེར་ནས་རྒྱ་ནག་ལ་བསྐྱོད། ཁོ་པས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་ལ་བཅར་འདྲི་ཞུས་ནས་༡༠༣༧་ལོར་དཔེ་དེབ་ཅིག་བརྩམས་པ་དེར་རྒྱ་ནག་ལ་དར་དམར་བསྒྲེངས་ཞེས་ཁ་བྱང་བཀོད་ནས་ནུབ་ཕྱོགས་སུ་དཔར་འགྲེམ་བྱས་པར་སྐད་གྲགས་ཆེན་པོ་བྱུང་བ་སྟེ།་དཔེ་དེབ་དེ་པར་སྐྲུན་བྱས་པའི་བདུན་ཕྲག་བཞིའི་ནང་དུ་དཔེ་དེབ་ཁྲི་ཚོ་༡་དང་སྟོང་ཕྲག་གཉིས་བཙོངས་ཐུབ་ཡོད་པ་རེད།།

XS
SM
MD
LG