ངོ་འཕྲད་བདེ་བའི་དྲ་འབྲེལ།

གལ་པ་སེར་ལུག་གི་བང་སོ།
please wait

No media source currently available

0:00 0:03:05 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། སྟོད་མངའ་རིས་རྩ་མདའ་རྫོང་གི་ཁོངས་སུ་ཡོད་པའི་གལ་པ་སེར་ལུག་གི་བང་སོ་ནི་བོད་ཀྱི་ལོ་རྒྱུས་རིང་ཤོས་ཀྱི་བང་སོ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག དེ་ཡང་སྤྱི་ཟླ་༤་ཚེས་༡༠་ཉིན་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གལ་པ་སེར་ལུག་གི་བང་སོ་ནི་བོད་རང་སྐྱོང་ལྗོངས་རིག་དངོས་གནའ་རྫས་བརྟག་ཞིབ་ཁང་དང་རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་གྱི་གནའ་རྫས་བརྟག་ཞིབ་ཁང་གཉིས་མཉམ་འབྲེལ་གྱིས་གནའ་རྫས་ཞིབ་འཇུག་བྱེད་མཁན་ཚོགས་པ་ཞིག་རྩ་མདའ་རྫོང་གི་གླང་ཆེན་ཁ་འབབ་ཀྱི་རྒྱུད་དུ་ཡོད་པའི་གལ་པ་སེར་ལུག་གི་གནའ་ཤུལ་དུ་སོང་ནས་གནའ་རྫས་སྔོག་འདོན་དང་བརྟག་དཔྱད་བྱས་པའི་འབྲས་བུར་གལ་པ་སེར་ལུག་གི་བང་སོ་དེ་ཉིད་ད་སྔ་བོད་ཀྱི་ལོ་རྒྱུས་ཆེས་རིང་ཤོས་ཀྱི་བང་སོ་ཞིག་ཡིན་པར་ངོས་འཛིན་བྱུང་འདུག་ཅེས་གསར་འགྱུར་སྤེལ་ཡོད་པ་རེད།

ཐེངས་འདིར་གནའ་རྫས་བརྟག་དཔྱད་ཀྱི་འགན་འཁུར་པ་བོད་རང་སྐྱོང་ལྗོངས་རིག་དངོས་གནའ་རྫས་བརྟག་ཞིབ་ཁང་གི་འགན་འཛིན་གཞོན་པ་ཤར་རྒན་དབང་འདུས་ཀྱི་གསར་འགོད་པར་བརྗོད་དོན། བང་སོ་འདིའི་ནང་ནས་ཐོན་པའི་གནའ་རྫས་ཁག་ལ་འཕྲོ་བའི་རང་བཞིན་ཅན་གྱི་ཐཱན་རྫས་ཀྱི་བརྟག་ཐབས་སྤྱད་ནས་བརྟག་དཔྱད་བྱས་མཐར། གལ་པ་སེར་ལུག་གི་བང་སོ་འདིར་ད་ལྟའི་བར་དུ་ལོ་༣༠༠༠་ནས་༣༥༦༠་ཡས་མས་ཤིག་གི་ལོ་རྒྱུས་ཡོད་པ་པའི་བང་སོ་ཁག་ཅིག་དང་། ད་སྔ་ལོ་༢༡༢༧་ནས་༢༣༡༠་ཡས་མས་ཀྱི་ལོ་རྒྱུས་ཡོད་པའི་བང་སོ་ཁག་ཅིག་བཅས་དུས་རིམ་མི་འདྲ་བ་གཉིས་ཀྱི་རིང་གི་བང་སོ་ཡོད་པ་དང་། བང་སོ་སྔོན་མ་མང་ཆེ་བ་རྡོ་ཁང་ཡིན་པ་དང་གཞུག་མ་རྣམས་ས་ཁང་རེད་ཅེས་བརྗོད་ཡོད། གལ་པ་སེར་ལུག་གི་བང་སོ་འདི་ནི་མངའ་རིས་རྩ་མདའ་རྫོང་དང་སྤྱི་ལེ་བཅུའི་མཚམས་སུ་ཡོད་ཅིང་། ཐེངས་འདིའི་བརྟག་དཔྱད་བརྒྱུད་ནས་གལ་པ་སེར་ལུག་གི་བང་སོ་འདི་ད་སྔ་རྙེད་ཟིན་པའི་བང་སོའི་གྲས་སུ་བོད་ཀྱི་བང་སོི་ཆེས་སྔ་ཤོས་ཡིན་པར་ངོས་འཛིན་བྱས་པ་མ་ཟད། གླང་ཆེན་ཁ་འབབ་རྒྱུད་ཀྱི་གནའ་ཤུལ་ལ་སྤྱིའི་ཆ་ནས་ངོས་འཛིན་གསར་པ་ཞིག་དང་མངའ་རིས་ཡུལ་གྱི་གནའ་བོའི་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཞིབ་འཇུག ཉེ་འཁོར་གྱི་ས་གནས་གཞན་ཁག་གི་གནའ་རྫས་ལའང་བརྟག་དཔྱད་བྱ་རྒྱུ་བཅས་ཞིབ་འཇུག་གི་རྒྱུ་ཆ་དང་ཁུངས་སྣེ་མང་པོ་ཞིག་རྙེད་ཡོད་པའི་ངོས་འཛིན་བྱེད་བཞིན་འདུག ད་ཐེངས་གལ་པ་སེར་ལུག་གི་བང་སོའི་ནང་ནས་རྙེད་པའི་དངོས་རྫས་ལ་རྫ་ཆས་དང་རྡོི་ཆས། ཟངས་ཀྱི་རིགས་དང་ཤེལ་གྱི་རིགས། གཞན་ཡང་རུས་པ་དང་ཤིང་གི་རིགས། ཀོ་བའི་རིགས་སོགས་དངོས་རྫས་སྣ་གྲངས་སུམ་བརྒྱ་ལྷག་ཡོད་པ་དང་། མིའི་རུས་པ་དང་སྲོག་ཆགས་ཀྱི་རུས་པ། སོལ་བ་སོགས་དངོས་རྫས་རིགས་ཉི་ཤུ་ལྷག་ལ་དམིགས་བསལ་གྱིས་ཞིབ་འཇུག་བྱེད་ཀྱི་ཡོད་པ་མ་ཟད། ཐེངས་འདིའི་ཞིབ་འཇུག་པའི་གྲས་ཀྱི་མི་སྣ་གཙོ་བོ་ཤར་རྒན་དབང་འདུས་ལགས་ཀྱིས་ལོ་མང་རིང་བོད་ཀྱི་གནའ་རྫས་སྲུང་སྐྱོབ་དང་ཞིབ་འཇུག་གི་ཕྱག་ལས་གནང་ཞིང་། ཁོང་གིས་བོད་ཀྱི་གནའ་བོའི་འཛུགས་སྐྲུན་དང་རི་མོའི་སྐོར་ལ་ཉམས་ཞིབ་གནང་ནས་སི་ཁྲོན་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་སུ་གདན་ཞུའི་དགེ་རྒན་སོགས་ཀྱི་ཕྱག་ལས་ཀྱང་གནང་མྱོང་ཡོད། ཁོང་གིས་རྒྱ་ནག་གི་རྒྱལ་ཁབ་རིམ་པའི་གནའ་རྫས་ཞིབ་འཇུག་གི་ཆེད་ལས་པ་དང་། ཁྱད་པར་དུ་གནའ་རྫས་བརྟག་ཐབས་བརྒྱུད་ནས་མང་ཡུལ་གུང་ཐང་རྒྱལ་རབས་ཀྱི་སྐོར་ལའང་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་རེད། གལ་པ་སེར་ལུག་གི་བང་སོ་ཡོད་སའི་རྩ་མདའ་རྫོང་ནི་མངའ་རིས་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་ཅིང་། རྒྱ་ནག་གི་པེ་ཏུའུ་དྲ་རྒྱ་གཞི་བཟུང་བྱས་ན་སྤྱི་ལོ་༢༠༡༠་ལོར་རྒྱ་ནག་གིས་མི་འབོར་ཞིབ་བཤེར་སྐབས་སུ་རྩ་མདའ་རྫོང་དུ་མི་གྲངས་༦༨༨༣་ལས་མེད་པས་རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་ཆེས་ཉུང་ཤོས་ཀྱི་རྫོང་གོ་གྲས་སུ་བཞག་པ་དང་། ད་ལྟ་རྫོང་འདིར་གྲོང་བརྡལ་གཅིག་དང་ཡུལ་ཚོ་༦་ཡོད་པའི་གནས་ཚུལ་སྤེལ་འདུག རྩ་མདའ་རྫོང་སོགས་མངའ་རིས་ནས་རྙེད་པའི་གནའ་ཤུལ་དང་ཆབ་མདོ་ཁ་རབ་ནས་རྙེད་པའི་གནའ་རྫས། མཚོ་སྔོན་དུར་ལམ་ནས་རྙེད་པའི་བང་སོ། ཞིན་ཅང་ནས་རྙེད་པའི་ཁྲམ་ཤིང་གི་ཡི་གེ་སོགས་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG