ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་འཛིན་ཟུར་པར་ལོ་༢༤་རིང་གི་བཙོན་འཇུག་ཁྲིམས་ཆད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པ་ཕཀ་གེང་ཧེ་ལ་སྲིད་དབང་བཀོལ་སྤྱོད་ལོག་པ་དང་མི་ལ་བཙན་དབང་བྱས་པ། ཨ་སྒོར་ས་ཡ་༡༦་དང་འབུམ་༩་ཡས་མས་ཤིག་ལྐོག་ཟ་བྱས་པའི་ཁྲིམས་འགལ་ལ་འབྲེལ་བ་ཡོད་པའི་ནག་ཉེས་ཕོག་སྟེ། ཕྱི་ཟླ་༤་ཚེས་༦་ཉིན་ལྷོ་ཀོ་རི་ཡའི་ཁྲིམས་ཁང་ཞིག་གིས་སྲིད་འཛིན་ཟུར་པ་ཕཀ་གེང་ཧེ་ལ་ལོ་༢༤་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཅིང་། ཕཀ་གེང་ཧེ་ནི་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་ལྷོ་ཀོ་རི་ཡའི་སྲིད་འཛིན་ཞིག་ལས་དུས་མ་ཚང་གོང་དུ་ཁྲིམས་ཁང་གིས་གནས་དབྱུང་བཏང་བའི་སྲིད་འཛིན་ཐོག་མ་ཡིན། ན་ནིང་ལྷོ་ཀོ་རི་ཡའི་རུ་ཚོགས་མཉམ་འདུས་ཀྱི་ཚོགས་པ་གཉིས་ཀྱི་འགོ་ཁྲིད་ཚོ་ཁྲིམས་འགལ་བྱས་པའི་ནག་ཉེས་ཐོག་ཏུ་བཙོན་འཇུག་བྱས་ཡོད་པ་དང་སྲིད་འཛིན་ཕཀ་གེང་ཧེ་ཚོགས་པ་དེ་དག་གི་འགོ་ཁྲིད་ཚོར་འབྲེལ་བ་ཡོད་པའི་ནག་ཉེས་ཐོན་པར་བརྟེན། ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་ཕཀ་གེང་ཧེ་ལ་སྲིད་འཛིན་གྱི་ལས་ཁུར་མཚམས་འཇོག་བྱེད་དུ་བཅུག་ནས་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་ཁྲིམས་ཞིབ་པས་ཉེས་ཕོག་པར་མི་དམངས་ཀྱིས་དབང་བསྐུར་པའི་སྲིད་འཛིན་གྱི་དབང་ཚད་ལོག་སྤྱོད་བྱས་པ་དང་རྒྱལ་སྲིད་འཛིན་སྐྱོང་ལ་འཐུས་ཤོར། སྤྱི་ཚོགས་ལ་ཟིང་ཆ་བསླངས་ནས་སྲིད་འཛིན་ཁྲིམས་ལ་སྦྱོར་དགོས་བྱུང་བའི་ཉེས་པ་ཕོག་རུང་སྲིད་འཛིན་ཟུར་པ་ཕཀ་གེང་ཧེས་རང་ལ་གནོང་འགྱོད་ཡོད་པའི་རྣམ་འགྱུར་ཙམ་ཡང་མ་བསྟན་པར་ནག་ཉེས་ཐམས་ཅད་གྲོགས་པོ་ཆོ་སུང་སིལ་གྱི་སྟེང་དུ་འགེལ་ཐབས་བྱས་སོང་། འདི་ནི་སྔོན་ཆད་བྱུང་མྱོང་མེད་པའི་གནད་དོན་ཞིག་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག སྲིད་འཛིན་ཟུར་པ་ཕཀ་གེང་ཧེའི་རྒྱབ་སྐྱོར་པ་སྟོང་ཕྲག་༡་ཡས་མས་ཤིག་ཁྲིམས་ཁང་གི་ཕྱི་ལོགས་སུ་འདུས་ནས་ལྷོ་ཀོ་རི་ཡའི་རྒྱལ་དར་འཕྱར་ནས་སྲིད་འཛིན་ཟུར་པ་ཕཀ་གེང་ཧེ་ལ་ཆབ་སྲིད་ཀྱི་དགྲ་ལན་སློག་རྒྱུ་མཚམས་འཇོག་བྱ་དགོས་ཞེས་སྐད་འབོད་བྱས་མོད། འོན་ཀྱང་ལྷོ་ཀོ་རི་ཡའི་ཁྲིམས་སྦྱོར་པ་ཚོས་ལོ་ན་༦༦་ལ་སོན་པའི་སྲིད་འཛིན་ཟུར་པ་ཕཀ་གེང་ཧེ་ལ་ལོ་༣༠་ཐམ་པའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་དགོས། ཁོ་མོར་ཨ་སྒོར་དུང་ཕྱུར་༡༡༢་ཀྱི་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས་ཞེས་ཁྲིམས་གཏུག་བྱས་འདུག སྲིད་འཛིན་ཟུར་པ་ཕཀ་གེང་ཧེས་རང་ལ་ཁྲིམས་འགལ་བྱས་པའི་ནག་ཉེས་ཡོད་པར་ངོས་ལེན་བྱས་མེད། ཁོ་མོར་ཁྲིམས་ཐག་གཅོད་དུས་ཁྲིམས་ཁང་ལའང་བཅར་མེད་པ་མ་ཟད། ཁོང་གི་ཁྲིམས་རྩོད་པས་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱ་འཆར་ཡོད། སྲིད་འཛིན་ཟུར་པ་ཕཀ་གེང་ཧེ་ལ་ཁྲིམས་གཅོད་འདི་འདྲ་ཞིག་བྱས་པར་བློ་ཕམ་ཡོད་ཅེས་བཤད་ཡོད་པ་དང་། ལྷོ་ཀོ་རི་ཡའི་ཁྲིམས་ཁང་གིས་ཞིབ་འཇུག་བྱས་ནས་རྩད་གཅོད་ཐུབ་པ་ལྟར་ན་སྲིད་འཛིན་ཟུར་པ་ཕཀ་གེང་ཧེ་དང་གྲོགས་པོ་ཆོ་སུང་སིལ་གཉིས་ཁ་མཐུན་བྱས་ཏེ། ཁོ་ཚོས་ལོ་ཐེ་མཉམ་འདུས་བཟོ་ཚོང་ཁང་དང་སམ་སང་བཟོ་ཚོང་ཁང་གཉིས་ཀྱི་ལག་ནས་ཨ་སྒོར་ས་ཡ་༦་དང་ཕྱེད་ཀ་རེ་བླངས་པ་དང་། ད་དུང་ལྷོ་ཀོ་རི་ཡའི་བཟོ་ཚོང་ལས་ཁང་གཞན་པ་ཞིག་གི་ལག་ནས་ལྷོ་ཀོ་རི་ཡའི་སྒོར་མོ་དུང་ཕྱུར་༨༩་བླངས་ཏེ། དངུལ་སྒོར་དེ་རྣམས་སྲིད་འཛིན་ཕཀ་གེང་ཧེའི་གྲོགས་མོ་ཆོ་སུང་སིལ་དང་ལས་རོགས་ཚོས་གཉེར་པའི་སྤྱི་ཚོགས་བདེ་རྩའི་ཐེབས་རྩ་ཁག་ལ་སྤྲོད་རྒྱུ། ཁོ་ཚོས་དངུལ་སྒོར་དེ་རྣམས་མི་མང་དབུལ་ཕོངས་ལ་རོགས་སྐྱོབ་བྱ་རྒྱུ་དང་སྤྱི་ཚོགས་ཀྱི་བདེ་རྩའི་ལས་དོན་ཁག་ལ་འགྲོ་གྲོན་དགོས་པ་ཞིག་ཡིན་རུང་སྲིད་འཛིན་ཕཀ་གེར་ཧེའི་གྲོགས་མོ་ཆོ་སུང་སིལ་གྱིས་དངུལ་སྒོར་མང་ཆེ་བ་སྒེར་དོན་ལ་འགྲོ་གྲོན་བཏང་ཡོད་པ་སྟེ། དངུལ་སྒོར་ཁག་ཅིག་ཆོ་སུང་སིལ་གྱི་བུ་མོར་རྟ་བཞོན་རྒྱུ་དང་རྟ་རྒྱུག་གི་སློབ་ཁྲིད་ལ་འགྲོ་གྲོན་བཏང་ཡོད་པ་རེད། ༢༠༡༢་ལོར་ཕཀ་གེང་ཧེ་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་ལྷོ་ཀོ་རི་ཡའི་བུད་མེད་སྲིད་འཛིན་དང་པོ་དེར་གྱུར་པ་དང་། ལོ་བཅུ་ཕྲག་གསུམ་ལྷག་གི་ཡར་སྔོན་དུ་སྲིད་འཛིན་ཟུར་པ་ཕཀ་གེ་ཧའི་ཨ་ཕ་སྟེ། སྐབས་དེའི་ལྷོ་ཀོ་རི་ཡའི་སྲིད་འཛིན་ཕཀ་ཆུང་ཧི་ལྷོ་ཀོ་རི་ཡའི་དབུས་གསང་བའི་ལས་ཁུངས་སུ་དགོང་ཟས་ལ་རོལ་དུས་ལྐོག་གསོད་བྱས་པ་དང་། དེ་ནས་ཕཀ་གེ་ཧེ་ལྷོ་ཀོ་རི་ཡའི་གྱོ་ཐོག་སྔོན་པོའི་སྲིད་འཛིན་ཕོ་བྲང་དང་ཁ་འབྲལ་དགོས་བྱུང་ཡོད། ༢༠༡༢་ལོར་ཕཀ་གེང་ཧེ་སླར་ཡང་ལྷོ་ཀོ་རི་ཡའི་གྱོ་ཐོག་སྔོན་པོའི་སྲིད་འཛིན་ཕོ་བྲང་ལ་ཕྱིར་ལོག་ཐུབ་པ་རྒྱལ་ཁ་ཆེན་པོ་ཞིག་ཡིན། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་སྲིད་འཛིན་ཕཀ་གེང་ཧེའི་ལས་དུས་མ་ཚང་གོང་དུ་གནས་དབྱུང་བྱས་པ་དང་། ད་ལྟ་ཁོ་མོ་བཙོན་ཁང་དུ་མི་ཚེ་མཇུག་བསྒྲིལ་དགོས་ཐུག་སྲིད་པའི་གནས་ཚུལ་བྱུང་བ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱི་མགྲིན་ཚབ་པ་ཞིག་གིས་སྲིད་འཛིན་ཟུར་པ་ཕཀ་གེང་ཧེའི་ལས་དབང་ནི་ཁོ་མོ་གཅིག་པུ་ཙམ་མིན། ལྷོ་ཀོ་རི་ཡ་རྒྱལ་ཁབ་ལའང་ཡིད་སྐྱོའི་གནས་ཚུལ་ཞིག་ཡིན། གལ་སྲིད་ང་ཚོས་ལོ་རྒྱུས་ཀྱི་ཉམས་མྱོང་རྣམས་དྲན་མ་ཐུབ་ན་བསྐྱར་བཟློས་འབྱུང་སྲིད། ང་ཚོས་དེ་རིང་གི་ཉིན་མོ་འདི་བརྗེད་མི་སྲིད་ཅེས་སྲིད་འཛིན་ཡིན་རུང་རྒྱལ་ཁབ་ཀྱི་ཁྲིམས་འོག་ཏུ་འདུ་དགོས་པའི་གོ་དོན་ཅན་གྱི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།།

XS
SM
MD
LG