ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྩོམ་པ་པོ་ནག་པོ་སྐལ་བཟང་འདས་གྲོངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་སྤྱི་ཟླ་༤་པའི་ཚེས་༣་ཉིན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ནག་པོ་སྐལ་བཟང་ལགས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན། རྩོམ་པ་པོ་ནག་པོ་སྐལ་གིས་བརྩམས་ཆོས་ལ་རྒྱུས་མངའ་ཡོད་པའི་བོད་ཕྱི་ནང་གི་ཀློག་པ་པོ་མང་དག་ཅིག་གིས་སྐད་འཕྲིན་སོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་མཆོད་མེའི་འདྲ་པར་བཞག་ནས་རྩོམ་པ་པོར་མྱ་ངན་དང་རྗེས་དྲན་བྱེད་ཀྱི་ཡོད་ཅིང་། རྩོམ་པ་པོ་ནག་པོ་སྐལ་བཟང་ལགས་ནི་སྤྱི་ལོ༡༩༥༥་ལོར་རེབ་ཀོང་གླིང་རྒྱ། རུ་གོང་མ་ཞེས་པའི་སྡེ་པར་སྐྱེས་ཤིང་། ༡༩༨༢་ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་གངས་རྒྱན་ན་ཆུང་ཚགས་པར་གཙོས་རྩོམ་སྒྲིག་པའི་ཕྱག་ལས་གནང་བ་མ་ཟད། ཁོང་ནི་བོད་རྒྱ་སྐད་ཡིག་གཉིས་ལ་བརྩམས་ཆོས་སྤེལ་མྱོང་ཡོད་པའི་རྩོམ་པོ་ཞིག་ཡིན། ད་སྔ་དཔར་དུ་བསྐྲུན་ཟིན་པའི་ནག་པོ་སྐལ་བཟང་གི་བརྩམས་ཆོས་ཁག་ནི་ཡིག་འབྲུ་འབུམ་བཞིའི་བདག་ཉིད་དུ་གྱུར་པའི་དྲག་རྩལ་བརྩམས་སྒྲུང་ཀླུ་འབུམ་མི་རྒོད་དང་འདྲེ་སྒྲུང་བྲེད་ཤ་ལངས་པའི་མཚར་གཏམ། གཞན་ཡང་དམྱལ་ཟངས་ནང་ན་ཀུ་རེ་མེད་སོགས་བརྩམས་སྒྲུང་ཁག་དང་། རྒྱ་ཡིག་ཏུ་བྲིས་པའི་བརྩམས་ཆོས་ལ་བོད་ཀྱི་བྱུང་བ་བརྗོད་པ་དང་བོད་ཀྱི་མི་གྲངས་ཅེས་པ། ད་དུང་བོད་རྒྱ་སྐད་ཡིག་གཉིས་སྤེལ་མར་བརྩམས་པའི་བོད་བརྒྱུད་ནང་བསྟན་གྱི་ལྷ་རིས་སྒྱུ་རྩལ་ཞེས་པ་སོགས་ཡོད་ཅིང་། རྩོམ་པ་པོ་ནག་པོ་སྐལ་བཟང་ལགས་འདས་གྲོངས་སུ་ཕྱིན་པར་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་དང་བཙན་པོ་དྲ་བ། ཁ་བརྡ་དྲ་བ། བོད་ཀྱི་དུས་བབ་སོགས་བོད་ཕྱི་ནང་གཉིས་ཀྱི་བོད་ཡིག་གི་དྲ་ཚིགས་སུ་རྩོམ་པ་པོ་དམ་པ་དེ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་བརྩམས་ཆོས་སོགས་བཀོད་ནས་མྱ་ངན་དང་རྗེས་དྲན་ཞུས་འདུག བོད་ཀྱི་རྩོམ་རིག་བརྩམས་ཆོས་དང་རྩོམ་པ་པོི་སོགས་བརྗོད་བྱ་གཙོ་བོར་བཟུང་བའི་བོད་ནང་གི་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་སྟེང་དུ་རྩོམ་པ་པོ་འདས་པོ་དེ་བོད་ཀྱི་བྲིན་རྒྱུག་ཆེ་བའི་བརྩམས་སྒྲུང་རྩོམ་པ་པོ་ཞིག་ཡིན། བྲིན་རྒྱུག་ཆེ་བའི་བརྩམས་སྒྲུང་ནི་ཡོངས་ཁྱབ་ཀྱི་རྩོམ་རིག་དང་མི་འདྲ་བར་ཀློག་བདེ་ཞིང་གོ་སླ་བ། རྩོམ་ལུས་ཀྱི་རིགས་ཧ་ཅང་གསལ་བའི་རྩོམ་ཐབས་ཡན་གར་བ་ཞིག་ཡིན་ཞེས་དང་། ནག་པོ་སྐལ་བཟང་གི་བརྗོད་བྱ་གཏིང་ཟབ་ཅིང་ཡོངས་གྲགས་ཀྱི་རྩོམ་རིག་གསར་རྩོམ་ལས་ལོགས་སུ་གྱེས་ཏེ་བོད་ཀྱི་བྲིན་རྒྱུག་ཆེ་བའི་བརྩམས་སྒྲུང་གི་རྨང་གཞི་འདིང་བར་བརྩོན་པ་ཆེར་བསྐྱེད་ཀྱིས་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་ཡོན་ཏན་ཚད་མི་འདྲ་བ་དང་། ལས་ཀ་མི་འདྲ་བའི་མི་མང་པོའི་བཀླག་བྱར་འགྱུར་འོས་པའི་ཕུགས་འདུན་མངོན་པར་མཚོན་ཡོད། བོད་ཀྱི་རྩོམ་རིག་ལ་གདམ་ཀ་གཞན་ཞིག་ཡོད་པའང་དངོས་སུ་ར་སྤྲོད་བྱས་ཡོད་ཅེས་གདེང་འཇོག་བྱས་འདུག དེ་བཞིན་བཙན་པོ་དྲ་བར་རྩོམ་པ་པོ་ནག་པོ་སྐལ་བཟང་གི་མི་ཚེའི་ལོ་རྒྱུས་དང་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་ནག་པོ་སྐལ་བཟང་ལ་སྤྲིངས་པའི་འཕྲིན་ཡིག་ཁག་ཅིག་བཅས་བཀོད་ནས་རྩོམ་པ་པོར་རྗེས་དྲན་ཞུས་འདུག བོད་ཀྱི་རྩོམ་རིག་གི་སྐོར་ལ་འཆད་ཁྲིད་དང་བགྲོ་གླེང་བྱ་སའི་རྩོམ་རིག་གླེང་ངམ་ཞེས་པའི་སྐད་འཕྲིན་གྱི་ཚོགས་པའི་ནང་དུའང་བོད་ཀྱི་རྩོམ་པ་པོ་པདྨ་འབུམ་དང་སྐྱབས་ཆེན་བདེ་གྲོལ། རིག་ལྡན་རྒྱ་མཚོ། གུར་མགོན་སྐྱབས་སོགས་བོད་ཕྱི་ནང་གཉིས་ཀྱི་བོད་པ་རྩོམ་པ་པོ་དང་རྩོམ་རིག་ལ་རྒྱུས་མངའ་ཡོད་མཁན་ཁག་ཅིག་གིས་ནག་པོ་སྐལ་བཟང་གི་བརྩམས་ཆོས་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཏེ་མྱ་ངན་དང་རྗེས་དྲན་ཞུས་པ་འཁོད་འདུག གཞན་ཡང་རྩོམ་པ་པོ་དེ་ཉིད་ཀྱིས་ལོ་མང་རིང་གངས་རྒྱན་ན་ཆུང་ཚགས་པར་ཅེས་པའི་བོད་ནང་གི་བྱིས་པ་ལོ་ཆུང་རྣམས་ལ་དམིགས་པའི་ཚགས་པར་གྱི་རྩོམ་སྒྲིག་པའི་ཕྱག་ལས་གནང་མྱོང་བས་སྐད་འཕྲིན་དུ་ན་གཞོན་ཞིག་གིས་ཁོང་ལ་རྗེས་དྲན་བྱས་པའི་རྩོམ་ཐུང་ཞིག་འཁོད་དོན། ཨ་ཁུ་ལགས། ཁྱོད་ཀྱིས་ཁ་བ་ཅན་གྱི་རྩོམ་རིག་བྱ་གཞག་ལ་མི་དམན་པའི་སྲི་ཞུ་བསྒྲུབས་ཡོད་པ་ང་ཚོས་དུས་གཏན་དུ་རྗེས་སུ་ཡི་རང་ཞུ། གངས་རྒྱན་ན་ཆུང་པ་རྣམས་ཀྱིས་ཡིག་འབྲུ་རེ་རེས་ཁྱེད་ལ་མེ་ཏོག་གི་མཆོད་པ་དང་བསྟོད་བསྔགས་ཀྱི་དབྱངས་རྟ་རེ་གྱེར་བཞིན་ཡོད་ཅེས་བྲིས་འདུག ད་དུང་ནག་པོ་སྐལ་བཟང་གི་དྲག་རྩལ་བརྩམས་སྒྲུང་རིང་པོི་ཀླུ་འབུམ་མི་རྒོད་ཅེས་པར་ཀློག་པ་པོ་མང་པོས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཟླ་ཤས་སྔོན་ནས་བཟུང་སྟེ་ཨ་ཕོ་ལུག་རྫི་ཞེས་པའི་སྐད་འཕྲིན་གྱི་འཕྲིན་སྟེགས་སུ་བརྩམས་ཆོས་འདི་ཀློག་འདོན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG