ངོ་འཕྲད་བདེ་བའི་དྲ་འབྲེལ།

སོ་ཌི་ཨ་རེ་བྷི་ཡར་གློག་བརྙན་སྟོན་ཆོག་པ།
please wait

No media source currently available

0:00 0:05:38 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སོ་ཌི་ཨ་རེ་བྷི་ཡར་གློག་བརྙན་སྟོན་ཆོག་པ། ༄༅།།དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སོ་ཌི་ཨ་རེ་བྷི་ཡར་ཆོས་ལུགས་དང་སྲོལ་རྒྱུན། རྙིང་ཞེན་གྱི་ལྟ་བ་སོགས་ཀྱིས་དམ་དྲག་ཆེན་པོ་ཡོད་པས་རྒྱལ་ཁབ་དེའི་བུད་མེད་ཚོས་རླངས་འཁོར་གཏོང་མི་ཆོག་པ་དང་སྐྱེས་པ་ཞིག་གི་ཆོག་མཆན་མེད་པར་ཁྱིམ་ནས་ཕྱི་ལ་བསྐྱོད་མི་ཆོག་པ། སོ་ཌི་ཨ་རེ་བྷི་ཡར་ཕྱི་རྒྱལ་གྱི་གློག་བརྙན་དང་བརྙན་འཕྲིན་གྱི་རྩེད་རིགས་ལེ་ཚན་ཁག་སྟོན་མི་ཆོག་པའི་བཀག་སྡོམ་ཆེན་པོ་ཡོད་མོད། ཉེ་དུས་ཤིག་ནས་སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་མོཧ་མེཏ་བྷིན་སལ་མན་གྱིས་སྒྱུར་བཅོས་ཆེན་པོ་ཞིག་གཏོང་རྒྱུ་འགོ་ཚུགས་པ་དང་། འཛམ་གླིང་གི་གློག་བརྙན་ཁང་ཆེ་ཤོས་ཨ་མི་རི་ཀའི་ཕུལ་བྱུང་གློག་བརྙན་ཁང་ AMC ལ་སོ་ཌི་ཨ་རེ་བྷི་ཡ་རྒྱལ་ཡོངས་སུ་གློག་བརྙན་ཁང་༣༠་ཐམ་པ་སྒོ་འབྱེད་བྱེད་ཆོག་པའི་ཆོག་མཆན་ཐོབ་སྟེ། ཕྱི་ཟླ་༤་ཚེས་༡༨་ཉིན་སོ་ཌི་ཨ་རེ་བྷི་ཡའི་རྒྱལ་ས་རི་ཡ་དྷེ་གྲོང་ཁྱེར་དུ་ཨ་མི་རི་ཀའི་ཕུལ་བྱུང་གློག་བརྙན་ཁང་དང་པོ་དེ་སྒོ་འབྱེད་ཀྱི་ཡོད་པ་རེད། ཨ་མི་རི་ཀའི་ཕུལ་བྱུང་གློག་བརྙན་ཁང་ནི་རྒྱ་ནག་གི་ཏ་ལེན་ཝན་ཏ་བཟོ་ཚོང་ཁང་གིས་ཉོས་ཡོད་པ་དང་། སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་རང་གི་ས་ཐོག་ཏུ་ཨ་མི་རི་ཀའི་ཕུལ་བྱུང་གློག་བརྙན་ཁང་ལ་གློག་བརྙན་ཁང་སྒོ་འབྱེད་བྱེད་ཆོག་པའི་ཆོག་མཆན་སྤྲད་ནས་བཟུང་། ཨ་རབ་ཨི་མཱི་རེ་ཌི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ས་ཐོག་ཏུ་སྒོ་ཕྱེ་ཡོད་པའི་ཕྱི་རྒྱལ་གྱི་ཝྭོཀ་སི་གློག་བརྙན་ཁང་དང་ནོ་ཝྭོ་གློག་བརྙན་ཁང་སོགས་ཀྱིས་ཀྱང་རིམ་བཞིན་སོ་ཌི་ཨ་རེ་བྷི་ཡའི་གྲོང་ཁྱེར་ཁག་ཏུ་གློག་བརྙན་ཁང་སྒོ་འབྱེད་ཐུབ་པའི་འབད་བརྩོན་བྱ་འཆར་ཡོད་ཅིང་། གཅིག་བྱས་ན་རྒྱ་ནག་གི་ཏ་ལེན་ཝན་ཏ་བཟོ་ཚོང་ཁང་གིས་ཉོས་པའི་ཨ་མི་རི་ཀའི་ཕུལ་བྱུང་གློག་བརྙན་ཁང་ལ་འགྲན་ཡ་གསར་པ་ཁག་ཅིག་འབྱུང་སྲིད། ཡིན་ནའང་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་ལོ་༣༥་ལྷག་ལ་གློག་བརྙན་ཁང་སྒོ་འབྱེད་མི་ཆོག་པའི་བཀག་སྡོམ་མེད་པར་བཏང་བ་རྒྱལ་སྤྱིའི་གློག་བརྙན་བཟོ་ཚོང་ལས་ཁང་ཁག་གིས་དགའ་མོས་བྱ་དགོས་པའི་གནས་ཚུལ་ཞིག་ཡིན་ཞིང་། སོ་ཌི་ཨ་རེ་བྷི་ཡའི་ཁྲི་འཛིན་རྒྱལ་སྲས་བྷིན་སལ་མན་གྱིས་རང་གི་དཔལ་འབྱོར་ཐོན་ཁུངས་རྡོ་སྣུམ་གཅིག་པུར་བརྟེན་མི་དགོས་པར་ཉི་གློག་དང་རླུང་ཤུགས་ཀྱི་ནུས་པའི་འབྱུང་ཁུངས་ལ་བསྒྱུར་རྒྱུ། ནམ་ཞིག་སོ་ཌི་ཨ་རེ་བྷི་ཡའི་རྡོ་སྣུམ་གྱི་གཏེར་ཁ་རྣམས་ཡོངས་སུ་འཛད་པའམ། ཡང་ན་འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་རྣམས་རྡོ་སྣུམ་ལ་བརྟེན་མི་དགོས་པའི་དུས་ཤིག་འཆར་ཚེ། སོ་ཌི་ཨ་རེ་བྷི་ཡའི་དཔལ་འབྱོར་དང་ཚོང་ལས་ཀྱང་རྒྱལ་ཁབ་གཞན་དང་འདྲ་མཉམ་གྱིས་མདུན་སྐྱོད་བྱེད་ཐུབ་པའི་འཆར་གཞི་གསར་པ་ཁག་ཅིག་ལག་ལེན་བསྟར་གྱིན་ཡོད་པ་རེད། སོ་ཌི་ཨ་རེ་བྷི་ཡ་ཁ་ཆེའི་ཆོས་ལུགས་ཀྱི་འབྱུང་ཁུངས་དང་རྒྱལ་པོ་ནི་ཁ་ཆེའི་ཆོས་ལུགས་ཀྱི་བསྟན་པའི་སྦྱིན་བདག་ཡིན་པ་མ་ཟད། སོ་ཌི་ཨ་རེ་བྷི་ཡར་ཁ་ཆེའི་ཆོས་ལུགས་ཀྱི་གནས་མཆོག་བླ་ན་མེད་པ་མེ་ཁ་དང་མེ་ཌི་ན་གཉིས་ཀ་ཡོད་པའི་སྟབས་ཀྱིས་སྤྱི་ཚོགས་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ནས་སོ་ཌི་ཨ་རེ་བྷི་ཡར་འཛམ་གླིང་སྤྱི་མཚུངས་ཀྱི་གློག་བརྙན་དང་བརྙན་འཕྲིན་སྟོན་མི་ཆོག་པ་དང་གླུ་གཞས་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་ཁག་སྤེལ་ཆོག་གི་མེད་ཅིང་། སོ་ཌི་ཨ་རེ་བྷི་ཡའི་བུད་མེད་རྣམས་རྩེད་རིགས་འགྲན་སྡུར་གྱི་རིགས་ལ་མཉམ་ཞུགས་བྱེད་མི་ཆོག་པ་དང་སོ་ཌི་ཨ་རེ་བྷི་ཡའི་སྲང་ལམ་ཁག་ཏུ་ཆང་ཁང་དང་ཞབས་བྲོ་ཁང་མེད་པ། སོ་ཌི་ཨ་རེ་བྷི་ཡར་ནུབ་ཕྱོགས་ཀྱི་ཕྲུ་གུའི་སྤྱི་གླིང་རྣམས་སྒོ་འབྱེད་བྱེད་དུ་འཇུག་གི་མེད་རུང་། ད་ནས་རྙིང་ཞེན་ཆེ་བའི་སོ་ཌི་ཨ་རེ་བྷི་ཡའི་སྤྱི་ཚོགས་ལ་ཕྱོགས་གང་ཐད་དུ་སྒྱུར་བཅོས་ཆེན་པོ་ཞིག་གཏོང་རྒྱུའི་རྣམ་པ་འཆར་འདུག ༢༠༡༧་ལོར་སོ་ཌི་ཨ་རེ་བྷི་ཡའི་རྒྱལ་སྲས་མོཧ་མེཏ་བྷིན་སལ་མན་རྒྱལ་ཁབ་དེའི་ཁྲི་འཛིན་རྒྱལ་སྲས་ལ་བསྐོ་བཞག་བྱུང་སྟེ། ཁོང་གིས་རང་ལོ་༣༢་ཐོག་ཏུ་རྒྱལ་སྲུང་བློན་ཆེན་དང་དམག་གི་དབང་འཛིན་པའི་གོ་གནས་ཁུར་ནས་སོ་ཌི་ཨ་རེ་བྷི་ཡའི་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་ལ་འཐབ་རྒོལ་བྱེད་པར་རང་གི་ཨ་ཁུ་དང་ཨ་ཞང་། སྤུན་མཆེད་དང་གཉེན་ཚན། སོ་ཌི་ཨ་རེ་བྷི་ཡའི་འབྱོར་ལྡན་པ་བཅས་སྐྱེ་བོ་དབང་ཐང་ཅན་སྟོང་ཕྲག་འགའ་ཞིག་འཛིན་བཟུང་བྱས་ནས་བཟང་བཙོན་དུ་བཅུག་ཡོད། ཁྲི་འཛིན་རྒྱལ་སྲས་བྷིན་སལ་མན་གྱིས་སོ་ཌི་ཨ་རེ་བྷི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་ལམ་ལུགས་ལ་ལེགས་བཅོས་གཏོང་རྒྱུའི་སྲིད་ཇུས་རིམ་པ་ཞིག་ལག་ལེན་བསྟར་གྱིན་ཡོད་པ་སྟེ། སོ་ཌི་ཨ་རེ་བྷི་ཡར་ཕོ་མོ་འདྲ་མཉམ་དང་ཤེས་ཡོན་གྱི་གོ་སྐབས་འདྲ་མཉམ་སྤྲོད་རྒྱུ། ད་ལོ་ནས་སོ་ཌི་ཨ་རེ་བྷི་ཡའི་སྤྱི་དམངས་སློབ་གྲྭ་ཁག་གི་སློབ་ཕྲུག་བུ་མོ་ཚོ་རྩེད་འགྲན་གྱི་རིགས་ལ་མཉམ་ཞུགས་བྱེད་ཆོག་པ་དང་བུ་མོ་ཚོར་ལུས་རྩལ་གྱི་ཤེས་ཡོན་སློབ་སྦྱོང་སྤྲོད་ཆོག་པ། སོ་ཌི་ཨ་རེ་བྷི་ཡའི་རྩེད་ཐང་ཁག་ཅིག་ལ་བུད་མེད་རྣམས་འཛུལ་ཞུགས་བྱེད་ཆོག་པ། ད་ལོའི་ཕྱི་ཟླ་༦་ནས་སོ་ཌི་ཨ་རེ་བྷི་ཡའི་བུད་མེད་ཚོས་རང་དབང་གི་སྒོ་ནས་རླངས་འཁོར་གཏོང་ཆོག་པ་དང་གནས་མཆོག་མེ་ཌི་ནའི་གྲོང་སྡེ་ལྷན་ཁང་བུད་མེད་ལ་འཛིན་སྐྱོང་བྱེད་དུ་འཇུག་རྒྱུ། སོ་ཌི་ཨ་རེ་བྷི་ཡ་རྒྱལ་ཡོངས་ཀྱི་གྲོང་སྡེ་ལྷན་ཁང་ཁག་གིས་བུད་མེད་འབའ་ཞིག་ལ་སྲི་ཞུ་སྒྲུབ་པའི་མཐུན་རྐྱེན་སྦྱོར་རྒྱུ། བུད་མེད་ལ་ཚོང་ལས་དང་འཛུགས་སྐྲུན། མ་རྩ་འཛུགས་འཇོག་དང་ཆེད་ལས་གཉེར་ཆོག་པ་ཐོབ་ཐང་སྤྲོད་རྒྱུ་སོགས་ཁྱབ་བསྒྲགས་བྱས་འདུག ༢༠༡༧་ལོར་སོ་ཌི་ཨ་རེ་བྷི་ཡར་ཕྱི་རྒྱལ་གྱི་འགྲུལ་པ་ས་ཡ་༡༨་ཡོང་བའི་མང་ཆེ་བ་མེ་ཁ་དང་མེ་ཌི་ན་སོགས་ལ་གནས་སྐོར་དུ་ཡོང་བའི་ལོ་རེའི་མཇལ་བ་རྣམས་ཡིན། གལ་སྲིད་སོ་ཌི་ཡ་རེ་བྷི་ཡར་ཕྱི་རྒྱལ་ནས་ཁ་ཆེ་གནས་སྐོར་བ་ཡོང་རྒྱུ་མཚམས་ཆད་ན་རྒྱལ་ཁབ་དེའི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་མ་རྩ་བརྡིབ་རྒྱུ་ཡིན་པས། ཁྲི་འཛིན་རྒྱལ་སྲས་བྷིན་སལ་མན་གྱིས་སོ་ཌི་ཨ་རེ་བྷི་ཡའི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གནས་སྐོར་བ་གཅིག་པུར་བརྟེན་མི་དགོས་པར་སྣ་འཛོམས་ཤིག་ལ་བསྒྱུར་རྒྱུ་དང་། ད་ནས་བཟུང་སྟེ་སོ་ཌི་ཨ་རེ་བྷི་ཡར་རོལ་དབྱངས་དཀྲོལ་ཚོགས་ཀྱི་འདུ་འཛོམ་ཆེན་པོ་འཚོགས་ཆོག་པ་དང་སོ་ཌི་ཨ་རེ་བྷི་ཡ་དང་འཇོར་ཌན། ཨི་ཇེབ་གསུམ་གྱིས་ཨ་སྒོར་ཁྲག་ཁྲིག་ལྔ་མ་རྩ་བཙུགས་ནས་བཟོ་ལས་ཀྱི་བསྟི་གནས་ཤིག་གསར་འཛུགས་བྱ་རྒྱུ། ཕྱི་ལོ་༢༠༣༠་མི་འགྱངས་པར་སོ་ཌི་ཨ་རེ་བྷི་ཡ་བཏང་སྙོམས་ཀྱི་ཁ་ཆེའི་རྒྱལ་ཁབ་ཅིག་ལ་བསྒྱུར་རྒྱུ་དང་། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་སོ་ཌི་ཨ་རེ་བྷི་ཡ་ཟེར་དུས་མི་ཚོར་ཆོས་ལུགས་དང་སྲོལ་རྒྱུན་གྱི་རྙིང་ཞེན་ཆེ་བ། བུད་མེད་རྣམས་བྲན་གཡོག་ལྟར་ཐོབ་ཐང་མེད་པར་རང་ཁྱིམ་དུ་བཙོན་པ་ལྟར་འཚོ་གནས་བྱ་དགོས་པ་དང་། སོ་ཌི་ཨ་རེ་བྷི་ཡའི་ཁ་ཆེའི་ལྷ་ཁང་ཁག་འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པ། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པ་རྣམས་སྐྱེད་སྲིང་བྱ་ཡུལ་འབའ་ཞིག་ཡིན་པའི་བག་ཆགས་ངན་པ་ཞིག་བཞག་ཡོད་པ་མེད་པར་གཏོང་རྒྱུའི་དམིགས་ཡུལ་བཅངས་ཏེ། ཁྲི་འཛིན་རྒྱལ་སྲས་བྷིན་སལ་མན་གྱི་སྲིད་ཇུས་དེར་སོ་ཌི་ཨ་རེ་བྷི་ཡའི་ན་གཞོན་ཚོས་དགའ་མོས་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད་རུང་རྒྱལ་ཁབ་དེའི་ཆོས་ལུགས་དབུ་ཁྲིད་ཁག་དང་རྙིང་ཞེན་ཚོས་སྒྱུར་བཅོས་ཀྱི་སྲིད་ཇུས་དེ་ཚོར་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད།།

XS
SM
MD
LG