ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་བཏོན་པའི་ཞིབ་འཇུག་སྙན་ཐོ་ལྟར་ན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་འདས་པའི་ལོ་ལྔའི་ཡར་སྔོན་ལ་བསྡུར་ན་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ད་ལོའི་སྟོན་ཁར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་ཐེངས་གསུམ་པ་ཞིག་བྱ་འཆར་ཡོད་ཅིང་། ད་སྔ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཞིབ་འཇུག་བྱས་པའི་རྙེད་དོན་ཁག་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་ནས་ལོ་ངོ་བཞིའི་སྔོན་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་ཐེངས་གཉིས་པ་ཞིག་བྱས་པའི་སྐབས་དང་བསྡུར་ན་བཟང་ཕྱོགས་སུ་འགྲོ་རྒྱུའི་ཚབ་ཏུ་ཇེ་སྡུག་ལ་ཕྱིན་འདུག ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་ནས་བཟུང་སྟེ་རྒྱ་ནག་གི་སྤྱི་ཚོགས་ཡོངས་སུ་སྟངས་འཛིན་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། རྒྱ་ནག་གཞུང་གིས་སྔོན་ཆད་ཁས་ལེན་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མང་པོི་ཞིག་ལ་ཡར་རྒྱས་ཀྱི་རྣམ་པ་ཅི་ཡང་མི་མངོན་པ་མ་ཟད། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་སོགས་ལ་དྲག་གནོན་ཆེན་པོ་བྱེད་ཀྱི་ཡོད་ཅིང་། དཔེར་ན་རྒྱ་ནག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་ལྟ་རྟོག་ནན་པོའི་བཙན་ཁྲིམས་འོག་ཏུ་འདས་གྲོངས་སུ་གྱུར་ཡོད། རྒྱ་གཞུང་གིས་སྤྱི་ཚོགས་ཡོངས་ལ་སྟངས་འཛིན་བྱེད་པའི་ཚད་གཞི་རྒྱ་ནག་ལས་བརྒལ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ལའང་དོ་ཕོག་འགྲོ་བཞིན་འདུག་ཅེས་བརྗོིད་ཡོད་པ་རེད། གཞན་ཡང་རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཀྱང་དེ་རིང་སྤྱི་ཚེས་༣༠་ཉིན་རྒྱ་ནག་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པར་བཙོན་འཇུག་བྱས་ཡོད་པའི་གསར་འགོད་པ་དང་དྲ་རྩོམ་འབྲི་མཁན་གྱི་རྩོམ་པ་པོ་སོགས་མི་༥༠་ལྷག་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན་ཏེ། མི་དེ་དག་གི་གྲས་ཀྱི་མི་༡༠་ལ་སྲོག་ཁྲིམས་གཅོད་སྲིད་པའི་ཉེན་ཀ་ཡོད་ཅེས་བཀོད་འདུག གསར་འགོད་པའི་མཐུན་ཚོགས་དེས་རྒྱ་ནག་གཞུང་གིས་གཏན་ལ་ཕབ་པའི་ཁྲིམས་ཀྱི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས་ཤིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཁང་ལྟ་ཞིབ་ཚོགས་པའི་ཞིབ་འཇུག་སྙན་ཐོ་ལྟར་ན་སྤྱི་ལོ་༢༠༡༣་ལོའི་རྗེས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཏུ་སོང་ཡོད་པའི་རྟགས་མཚན་གཅིག་ནི་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པའི་དམངས་གཙོ་དོན་གཉེར་བ་ལེའུ་ཞའོ་པོི་དང་ཚོ་ཧྲོན་ལེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་རྒྱ་ནག་གི་བཙོན་འཇུག་མནར་གཅོད་འོག་ཏུ་ཚེ་ལས་འདས་ཡོད། རྒྱ་གཞུང་གིས་ལོ་བཅུ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་བཙོན་གློད་ཐོབ་མ་ཐག་ཏུ་འདས་གྲོངས་སུ་ཕྱིན་པའི་རྒྱ་ནག་གི་རྩོམ་པ་པོ་དབྱང་ཐུང་ཡན་གྱི་གནས་སྟངས་དང་། དེང་སྐབས་རྒྱ་གཞུང་གི་འཛིན་བཟུང་དང་དམ་དྲག་འོག་ཏུ་ཡོད་པའི་ལིའུ་ཞའོ་པོའི་ཆུང་མ་ལིའུ་ཞཱ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝང་ཆོན་ཀྲང་དང་སུ་ཝེ་ཌོན་གྱི་སྤྱི་དམངས་ཡིན་པའི་ཀོས་མིན་ཧེ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག ད་ལྟ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་ཤེས་ཡོན་ཅན་དགེ་རྒན་ཆེན་མོ་ཨིལ་ཧམ་དྷོ་དི་སོགས་ཀྱི་གནས་སྟངས་ཀྱང་གླེང་ཡོད་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྙན་ཐོ་བཏོན་ནས་འབོད་སྐུལ་ཞུ་བཞིན་པ་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་འབྱུང་ཐུབ་པའི་དམིགས་ཡུལ་ཡིན། བསྐྱར་ཞིབ་འདི་ལོ་༤་དང་ཕྱེད་ཀ་རེའི་མཚམས་སུ་ཐེངས་གཅིག་རེར་བྱེད་ཀྱི་ཡོད་ཅིང་། བསྐྱར་ཞིབ་ཀྱི་ནང་དོན་རྣམས་ཞིབ་འཇུག་བྱ་ཡུལ་རྒྱལ་ཁབ་དེ་ཉིད་ཀྱི་སྙན་ཐོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བཏོན་པའི་སྙན་ཐོ་བཅས་པ་གཞི་རྩར་བཟུང་ནས་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། ཐེངས་སྔོན་མར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་བྱས་པའི་སྐབས་སུ་རྒྱ་གཞུང་གིས་ཁས་ལེན་མང་པོ་ཞིག་བྱས་ཡོད་པའི་ཁོངས་སུ་བཙོན་པ་ཚོར་ཚད་ལས་བརྒལ་བའི་མནར་གཅོད་མི་གཏོང་རྒྱུ་དང་མི་འཛིན་བཟུང་བྱས་པའི་རྗེས་སུ་དུས་ཐོག་ཏུ་བཟའ་མི་ཚོར་བརྡ་གཏོང་རྒྱུ། སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་བརྩི་འཇོག་བྱ་རྒྱུ་དང་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་ལ་འགྱུར་བ་བཏང་ནས་ཁྲིམས་སྐྱོང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་འཁོད་ཡོད་པ་རེད།།

XS
SM
MD
LG