ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨན་པང་བཟོ་ཚོང་ཁང་གི་འགན་འཛིན་ལ་ཉེས་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གི་ཨན་པང་བཟོ་ཚོང་ཁང་གསར་འཛུགས་པ་སྟེ། ཚོང་པ་མིང་གྲགས་ཅན་ཝུ་ཞོ་ཧོས་ཀྱིས་རང་གི་བཟོ་ཚོང་ཁང་དེར་མ་རྩ་འཇུགས་མཁན་ཚོའི་ལག་ནས་རྒྱ་སྒོར་དུང་ཕྱུར་དྲུག་བརྒྱ་དང་ལྔ་བཅུ་ང་གཉིས་གཡོ་ལེན་བྱས་པའི་ནག་ཉེས་བཙུགས་རུང་། ཁ་སང་སྤྱི་ཚེས་༢༨་ཉིན་ཝུ་ཞོ་ཧོས་ཀྱིས་མ་རྩ་འཛུགས་མཁན་ཚོའི་ལག་ནས་དངུལ་སྒོར་དེ་འདྲ་འཕོན་ཆེན་གཡོ་ལེན་བྱས་ཡོད་པ་ངོས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོའི་ཝི་པོ་དྲ་ཚུགས་སུ་གཞུང་འབྲེལ་གྱི་གནས་ཚུལ་སྤེལ་པར་གཞིགས་ན་རྒྱ་ནག་གི་ཞིབ་བཤེར་ཚན་པས་ཨན་པང་ཉེན་སྲུང་ཁང་འཛུགས་གཉེར་བྱེད་མཁན་ཝུ་ཞོ་ཧོས་ཀྱིས་དངུལ་སྒོར་གྱི་ཐོ་ཡིག་རྫུན་བཟོ་དང་དྲིལ་བསྒྲགས་རྫུན་མའི་རིགས་སྤེལ་བའི་གཡོ་ཐབས་སྤྱད་ནས་བཟོ་ཚོང་ཁང་དེར་མ་རྩ་འཛུགས་མཁན་གྱི་ལག་ནས་ཁྲིམས་འགལ་གྱི་མ་དངུལ་འདུ་འགོད་བྱས་ཡོད་པ་མ་ཟད། ཝུ་ཞོ་ཧོས་ཀྱིས་གོ་གནས་བཙན་བཟུང་བྱས་པའི་ཉེས་པའང་བཙུགས་ཤིང་། གལ་སྲིད་ཁོ་པར་བཙུགས་པའི་ནག་ཉེས་རྣམས་དོན་དངོས་ཡིན་ན་ཚེ་བཙོན་གྱི་ཉེས་ཆད་འཕོག་སྲིད་ཅེས་བརྗོད་འདུག ན་ནིང་༢༠༡༧་ལོའི་སྤྱི་ཟླ་༦་པའི་ཚེས་༡༤་ཉིན་ཨན་པང་བཟོ་ཚོང་ཁང་གི་གཞུང་འབྲེལ་དྲ་ཚིགས་སུ་བཟོ་ཚོང་ཁང་དེའི་འགན་འཛིན་ཝུ་ཞོ་ཧོས་སྒེར་དོན་ཞིག་གིས་རྐྱེན་པས་མུ་མཐུད་དུ་བཟོ་ཚོང་ཁང་དེའི་འགོ་ཁྲིད་འགན་བཞེས་མི་ཐུབ་པའི་གནས་ཚུལ་འཁོད་མོད། འོན་ཀྱང་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་ལ་སྐབས་དེར་ཝུ་ཞོ་ཧོས་པེ་ཅིང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཧྲང་ཧེའི་ཉེན་རྟོག་པར་རྩིས་སྤྲོད་བྱས་ནས་སྟངས་འཛིན་བྱེད་བཞིན་ཡོད་པ་དང་། ཨན་པང་བཟོ་ཚོང་ཁང་གི་འགན་འཛིན་གཞན་པ་མང་པོ་ཞིག་ཀྱང་སྐབས་དེར་འཛིན་བཟུང་བྱས་ནས་ཧྲང་ཧེ་རུ་བཀག་ཉར་བྱས་འདུག་ཅེས་གནས་ཚུལ་སྤེལ་ཡོད། སྤྱི་ལོ་ཉིས་༢༠༡༨་ལོའི་ཟླ་བ་༢་པའི་ཚེས་༢༣་ཉིན་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དངུལ་སྒོར་གཡོ་ལེན་བྱས་པ་དང་དབང་ཆ་བཙན་བཟུང་བྱས་པའི་ནག་ཉེས་ཐོག་ཏུ་ཝུ་ཞོ་ཧོས་དངོས་སུ་ཁྲིམས་ལ་སྦྱར། ཉིན་དེ་ནས་བཟུང་སྟེ་ཨན་པང་བཟོ་ཚོང་ཁང་གི་བདག་གཉེར་གྱི་ལས་འགན་ལོ་གཅིག་གི་རིང་ལ་རྒྱ་ནག་དབུས་གཞུང་ཉེན་སྲུང་ལྟ་རྟོག་བདག་གཉེར་ལྷན་ཚོགས་ཀྱིས་འཁུར་རྒྱུ་ཐག་བཅད་འདུག ཁ་སང་སྤྱི་ཟླ་༣་པའི་ཚེས་༢༨་ཉིན་ཧྲང་ཧེར་ཡོངས་བསྒྲགས་ཀྱི་ཁྲིམས་བཤེར་བྱས་ནས་ཝུ་ཞོ་ཧོས་ཀྱིས་དངུལ་སྒོར་གྱི་མ་རྩ་གཡོ་ལེན་བྱས་པ་དང་དབང་ཆ་བཙན་བཟུང་བྱས་པའི་ནག་ཉེས་བཙུགས་ཡོད་པ་སྟེ། ཁྲིམས་ཁང་གི་གསལ་བསྒྲགས་སུ་ཝུ་ཞོ་ཧོས་ཀྱིས་ཁྲིམས་ལུགས་ཤེས་ཀྱི་མེད་པས་རང་ལ་ཁྲིམས་འགལ་བྱས་པའི་ནག་ཉེས་ཕོག་པའང་ཤེས་ཀྱི་མེད་ཅེས་བརྗོད་པ་འཁོད་འདུག ཝུ་ཞོ་ཧོས་ཀྱིས་ཁྲིམས་རྩོད་པར་གསར་འགོད་པས་འབྲེལ་བ་བྱས་ཐུབ་ཀྱི་མེད་ཀྱང་དོ་བདག་སྔོན་ཆད་རླངས་འཁོར་ཚོང་འགྲེམ་དྲིལ་སྒྲོག་བྱེད་མཁན་ཞིག་ཡིན་པ་དང་རྗེས་སུ་རྒྱ་ནག་གི་འགོ་ཁྲིད་འདས་པོ་ཏིང་ཞོ་ཕིང་གི་ཚ་མོ་ཞིག་ལ་གཉེན་སྒྲིག་བྱས་ནས་སྤྱི་ལོ་༢༠༠༨་ལོའི་རྒྱ་ནག་གི་དངུལ་རྩའི་ཉམས་ཉེན་གྱི་རྗེས་སུ་རྒྱ་ནག་གི་དངུལ་ཁང་ཁག་ནས་དངུལ་སྒོར་མང་པོ་བསྐྱིས་པའི་གོ་སྐབས་དམ་འཛིན་དང་། ཁོ་པས་རྒྱ་ནག་གི་གཞུང་གཉེར་དངུལ་ཁང་ཁག་ནས་སྐྱེད་ཀ་དམའ་བའི་བུ་ལོན་མང་པོ་བསྐྱིས་ནས་ཕྱིའི་རྒྱལ་ཁབ་ཁག་གི་མགྲོན་ཁང་དང་གློག་བརྙན་ཁང་། རྐང་གྲུག་རྩེད་ས་སོགས་མང་པོ་ཞིག་ཉོས་པའི་རྗེས་སུ་རྒྱ་ནག་གི་ཉེན་སྲུང་བཟོ་ཚོང་ཁང་ཆེ་ཤོས་ཏེ། ཨན་པང་ཉེན་སྲུང་བཟོ་ཚོང་ཁང་འཛུགས་གཉེར་བྱས་སོ།།

XS
SM
MD
LG