ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བཙོན་འོག་གི་ཁྲིམས་རྩོད་པའི་གནས་སྟངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་རིང་སྤྱི་ཟླ་༣་པའི་ཚེས་༢༣་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་མི་༦་གིས་རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཅང་ཐན་ཡོང་གི་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་བོ་ཡོད་པར་སྨན་བཅོས་ཀྱི་མཐུན་རྐྱེན་སྤྲོད་དགོས་པའི་འབོད་སྐུལ་ཞུས་པ་ཊིའུ་ཊར་རྒྱུད་ལམ་དུ་འཁོད་འདུག ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན་ཟླ་ཁ་ཤས་ཀྱི་རིང་ཏུ་བཙོན་ཁང་དུ་ཡོད་པའི་ཁྲིམས་རྩོད་པ་ཅང་ཐན་ཡུང་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཏེ་དྲན་པ་ཉམས་ཡོད་པའི་གནས་ཚུལ་ཐོན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ཅང་ཐན་ཡུང་ལ་བཙོན་འཇུག་བཀག་ཉར་གྱི་སྐབས་སུ་རྡུང་རྡེག་མནར་གཅོད་བཏང་ཡོད་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་གྱི་མཐུན་རྐྱེན་འཛོམས་པོ་ཞིག་ཀྱང་སྤྲད་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ད་ལྟ་ལོ་ན་༤༦་ལ་སོན་པའི་ཁྲིམས་རྩོད་པ་ཅང་ཐན་ཡུང་སྤྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༡༡་པའི་ནང་དུ་སྐབས་དེར་རྒྱ་གཞུང་གི་འཛིན་བཟུང་བཙོན་འཇུག་འོག་ཏུ་ཡོད་པའི་ཁྲིམས་རྩོད་པ་ཞེ་དབྱང་གི་ཁྱིམ་མི་ཚོར་ཐུག་འཕྲད་དུ་བསྐྱོད་ནས་ཕྱིར་པེ་ཅིང་ལ་ལོག་པའི་དུས་སུ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར། སྐབས་དེར་རྒྱ་ནག་དང་རྒྱལ་སྤྱིའི་རང་དབང་དོན་གཉེར་པ་སྒེར་པ་དང་ཚོགས་པ་མང་པོས་ཅང་ཐན་ཡུང་གར་སོང་ཆ་མེད་དུ་གྱུར་པར་དོ་སྣང་ཆེན་པོ་བྱས་ཡོད། ཁྲིམས་རྩོད་པ་ཅང་ཐན་ཡུང་གིས་བོད་ཀྱི་ས་བྱིའི་ཞི་རྒོལ་ཆེན་མོ་དང་རྒྱ་ནག་གི་ཧྥ་ལུང་གུང་རྩ་རླུང་སྒོམ་སྒྲུབ་པའི་གྱོད་གཞི་སོགས་ལ་ཁྲིམས་རྩོད་ཀྱི་ལས་དོན་བསྒྲུབས་མྱོང་ཡོད་པས་ཕྱི་ལོ་༢༠༠༩་ལོར་རྒྱ་ནག་གཞུང་གིས་ཅང་ཐན་ཡུང་གི་ཁྲིམས་རྩོད་པའི་ལག་འཁྱེར་ཕྱིར་བསྡུ་བྱས་པ་དང་། ཁོ་པ་འཛིན་བཟུང་བྱས་ནས་ལོ་གཅིག་འགོར་པའི་རྗེས་སྟེ། སྤྱི་ལོ་༢༠༡༧་ལོའི་ཟླ་༡༡་པའི་ཚེས་༢༡་ཉིན་རྒྱ་ནག་ཁྲང་ཧྲ་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུར་ངན་སྐུལ་བྱེད་མཁན་གྱི་ཉེས་མིང་བཏགས་ནས་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་བྱས་པ་དང་ལོ་༣་ལ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག སྐབས་དེར་ཅང་ཐན་ཡུང་གིས་གོང་རིམ་ཁྲིམས་ཁང་ལ་ཁྲིམས་གཏུག་བྱེད་ཀྱི་མིན་ཚུལ་བརྗོད་ཡོད་པ་རེད། ཁྲིམས་རྩོད་པ་ཅང་ཐན་ཡུང་དང་རྒྱ་ནག་གི་ཁྲིམས་རྩོད་པ་ཐེང་པེའོ་གཉིས་ཀྱིས་ཕྱི་ལོ་༢༠༡༡་གི་ཕྱི་ཟླ་དང་པོའི་ཚེས་༤་ཉིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཝང་ལི་ཞུང་གི་བཀོད་སྒྲིག་འོག་ཏུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སི་ཀེ་ཕིའི་བརྒྱུད་ལམ་དུ་བོད་དོན་ལ་བཅར་འདྲི་ཞུས་ནས་བཀའ་མོལ་གནང་མྱོང་ཡོད་ཅིང་། ཁོང་ནི་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་ནག་གི་ཁྲིམས་རྩོད་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་ཆབ་སྲིད་ཀྱི་དབང་ཆ་བཟུང་བའི་རྗེས་ལ་རྒྱ་ནག་གི་ཁྲིམས་རྩོད་པར་སྟངས་འཛིན་ནན་མོ་བྱས་ཏེ་ཁྲིམས་རྩོད་པ་སྡེབ་བཟུང་གིས་བཙོན་འཇུག་དང་། ཁོ་ཚོའི་ཁྲིམས་རྩོད་པའི་ཐོབ་ཐང་འཕྲོག་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་བྱུང་ཡོད། དེའི་གྲས་ཀྱི་ཁྲིམས་རྩོད་པ་ཅང་ཐན་ཡུང་དང་ཞེ་ཡང་། ལི་ཧི་ཕིན། ཝང་ཆོན་ཀྲང་སོགས་བཀག་ཉར་འོག་ཏུ་ཡོད་པའི་ཁྲིམས་རྩོད་པ་ཁ་ཤས་ལ་ཚད་ལས་འདས་པའི་མནར་གཅོད་གཏོང་བཞིན་པའི་སྟབས་ཀྱིས་ཉེ་སྔོན་རྒྱལ་སྤྱིའི་མིང་གྲགས་ཅན་གྱི་ཁྲིམས་རྩོད་པ་༢༩་ཡིས་མཉམ་འབྲེལ་གྱི་མིང་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་མཚོན་འཁོད་སྙན་ཞུ་ཕུལ་ནས་ཁྲིམས་རྩོད་པའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་པའི་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་ཕུལ་ཡོད། ཁོ་ཚོས་རྒྱ་ནག་གིས་ཕྱི་ལོ་༢༠༡༥་ལོའི་ཟླ་༧་པ་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་རྩོད་སྔར་བྱུང་མ་མྱོང་བའི་དྲག་གནོན་བྱེད་མགོ་བརྩམས་པ་ནས་བཟུང་སྟེ་ཁྲིམས་རྩོད་པ་བརྒྱ་ཕྲག་ལ་ལུས་སེམས་གཉིས་ཀྱི་མནར་གཅོད་བཏང་ནས་ཡིག་ངག་གཉིས་ཐོག་ཏུ་བཙན་གྱིས་ཉེས་པ་ཁས་ལེན་དང་། ཁྲིམས་རྩོད་པའི་ནང་མིར་ཡང་དཀའ་ངལ་སྤྲོད་བཞིན་པའི་གནས་སྟངས་བརྗོད་པ་དང་། འཛམ་གླིང་ཡོངས་ནས་རྒྱ་ནག་གི་ཁྲིམས་རྩོད་པའི་ཐོབ་ཐང་ལ་དོ་ཕོག་ཡོང་བཞིན་པར་དོ་སྣང་དང་རྒྱ་ནག་གཞུང་གིས་ཁྲིམས་སྐྱོང་ལམ་ལུགས་ལ་བརྩི་འཇོག་བྱས་ནས་བཟང་ཕྱོགས་ལ་འགྱུར་བ་ཞིག་གཏོང་རྒྱུའི་རེ་འདུན་བཏོན་ཡོད་པ་རེད།།

XS
SM
MD
LG