ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཚོང་ལས་དང་ཞིས་ཅིན་ཕིང་གི་དཀའ་ངལ།
please wait

No media source currently available

0:00 0:04:28 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདས་པའི་ལོ་བཅུ་ཕྲག་གཉིས་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གཏན་འབེབས་བྱས་པའི་འཛམ་གླིང་གི་ཚོང་འབྲེལ་སྒྲིག་གཞིའི་གོ་སྐབས་བཟུང་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཙིགས་སུ་བཟུང་ཡོད། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་གཞི་ཁག་ལ་བརྩི་སྲུང་ཚུལ་བཞིན་བྱེད་ཀྱི་མིན་འདུག་ཅེས་སྐྱོན་བརྗོད་ཀྱང་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་ནས་ཉེས་ཆད་བཅད་མྱོང་མེད་ཅིང་། གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ཚོང་ལས་དྲང་སྙོམས་ཤིག་གཉེར་གྱི་མེད་པར་ཉེས་ཆད་གཅོད་རྒྱུ་ཡིན། ཨ་མི་རི་ཀས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་འབྲེལ་བཟང་པོ་ཞིག་བཟུང་བའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ཞེས་ཁྱབ་བསྒྲགས་བྱས་ཏེ། སྔོན་ཆད་རྒྱ་ནག་གི་འགོ་ཁྲིད་ཚོར་ཕྲད་མྱོང་མེད་པའི་དཀའ་ངལ་གསར་པ་ཞིག་ལ་སྲིད་འཛིན་ཞིས་ཅིན་ཕིང་གིས་གདོང་ལེན་བྱ་དགོས་ཐུག་ཡོད། ཕྱི་ཚེས་༢༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་རྣམ་གྲངས་༡༠༠་ལྷག་ལ་ཚོང་ཁྲལ་ཨ་སྒོར་དུང་ཕྱུར་༦༠༠་ལྷག་སྤར་རྒྱུ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་འཛུགས་མི་ཆོག་པའི་བཀག་སྡོམ་བྱས་ཤིང་། ཕྱི་ཚེས་༢༣་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དངོས་ཟོག་རྣམ་གྲངས་༡༢༨་ལ་ཚོང་ཁྲལ་ཨ་སྒོར་དུང་ཕྱུར་༣༠་ལྷག་སྤར་རྒྱུའི་འཆར་གཞི་ཡོད། ད་དུང་རྒྱ་ནག་གིས་ཞིབ་འཇུག་བྱས་ནས་ཨ་མི་རི་ཀའི་དངོས་ཟོག་ལ་ཚོང་ཁྲལ་ཇི་ལྟར་སྤར་དགོས་མིན་བསམ་གཞིག་བྱེད་བཞིན་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་ཚོང་ལས་ཆ་མཉམ་མེད་པའི་འགལ་ཟླའི་ཐོག་ཏུ་རྩོད་གླེང་བྱུང་ན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་ཆེན་པོ་འགྲོ་སྲིད། ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་པའང་འགྲུབ་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པ་མ་ཟད། ཉེ་ཆར་མཇུག་བསྒྲིལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཞིས་ཅིན་ཕིང་གི་སྲིད་དབང་འཛིན་པའི་དུས་ཡུན་ལ་ཚད་བཀག་མེད་པར་བཏང་རུང་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་སྟེ། ཕྱོགས་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བྱུང་ན་རྒྱ་ནག་གི་སྤྱི་ཚོགས་སུ་ཞིས་ཅིན་ཕིང་གི་དབང་ཐང་ཉམས་སྲིད། ལྷག་པར་དུ་ཞིས་ཅིན་ཕིང་དཀྱིལ་འཁོར་གྱི་གཙོ་བོར་བཞག་ནས་མའོ་ཙེ་ཏུང་གི་དུས་སྐབས་ཀྱི་སྲིད་སྐྱོང་ལམ་ལུགས་སླར་གསོ་བྱས་ཡོད་པའང་རྒྱུན་འཁྱོངས་བྱ་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་ཡིན། གལ་སྲིད་ཞིས་ཅིན་ཕིང་གིས་ཨ་མི་རི་ཀར་བསྟུན་མཁས་བྱས་ན་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་བྱ་སྲིད་པའི་ཉེན་ཀ་ཡོད། ད་ཐེངས་ཕྱོགས་གང་ནས་བལྟས་ཀྱང་ཞིས་ཅིང་ཕིང་དཀའ་ངལ་ཅན་གྱི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་སྟེ། པེ་ཅིང་གི་མི་དམངས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཧྲི་དབྱིན་ཧུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་ཨ་མི་རི་ཀའི་སྐྱོན་བརྗོད་ལ་སྣང་མེད་གཏོང་བར་ཐབས་མཁས་ཡིན་རུང་ཨ་མི་རི་ཀས་ངོ་མར་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུ་ཡིན་པ་ངོས་མ་ཟིན་པ་འདྲ། ད་ལྟ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པས་རྒྱ་ནག་གིས་དེ་ལ་གདོང་ལེན་ཇི་ལྟར་བྱ་དགོས་མིན་ཐག་གཅོད་ཅིག་བྱ་དགོས། ད་སྔ་རྒྱ་ནག་གཞུང་གིས་དེ་ལ་ཐག་གཅོད་ཇི་ལྟར་བྱ་དགོས་པའི་ཐབས་ལམ་ཞིག་རྙེད་མེད་ཅེས་བཤད་ཡོད། ཝ་ཤིང་ཊོན་གྱི་ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གིས་ཨ་མི་རི་ཀའི་དངོས་ཟོག་ལ་ཚོང་ཁྲལ་སྤར་ནས་ཌོ་ནལ་ཊོམ་ལ་ཁ་གཏད་གཅོག་གི་ཡོད་པའི་རྣམ་པ་ཞིག་སྟོན་སྲིད། ཡིན་ནའང་ཁོ་པས་ལྐོག་ཏུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་གྱོང་གུད་འཕོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་མི་སྲིད། ཁོ་པས་ཌོ་ཅལ་ཊོམ་གྱི་བཙན་དྲག་དང་ངར་སྐད་ལ་གཡོལ་ཐབས་བྱས་ནས་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཞིག་བསྟེན་སྲིད་ཅེས་བཤད་འདུག ༢༠༡༦་ནས་ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱ་དགོས། རྒྱ་ནག་གིས་བྱང་ཀོ་རི་ཡར་ཚོང་འབྲེལ་གཅོད་དགོས་ཞེས་གནོན་ཤུགས་ཆེ་རུ་བཏང་ནས་རྒྱ་ནག་གིས་བྱང་ཀོ་རི་ཡར་ཚོང་ལས་བཀག་པ་དང་། ཟླ་བ་སྔོན་མར་ཞིས་ཅིན་ཕིང་གི་དཔལ་འབྱོར་སློབ་སྟོན་པ་ལིའུ་ཧེ་ཨ་མི་རི་ཀར་བཏང་ནས་ཕྱོགས་གཉིས་ཀྱི་ཚོང་དོན་འགལ་ཟླ་སེལ་ཐབས་བྱས་མོད། འོན་ཀྱང་ཌོ་ནལ་ཊོམ་གྱིས་ཞིས་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་ལ་ཐུག་འཕྲད་མ་བྱས་པར་དོན་དག་འགྲུབ་མེད། ད་ལྟ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་པའི་སྲིད་ཇུས་ལ་ཨ་རིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ལོ་བཅུ་ཕྲག་གཉིས་ལྷག་ལ་ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀས་རྒྱ་ནག་ལ་ཚོང་འབྲེལ་བཟང་པོ་ཞིག་འཛིན་དགོས་པའི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་ཀྱང་ད་ལྟ་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་དགོས་པའི་ལྟ་ཚུལ་ཤུགས་ཆེན་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀའི་སྲིད་གཞུང་དང་གྲོས་ཚོགས་ལ་འགྱུར་བ་ཐེབས་ཡོད་པའི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་མི་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG