ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་ཆེར་བསྐྱེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་དམར་ཕྱོགས་ཚོགས་པས་རྒྱ་ནག་དབུས་གཞུང་གི་ལས་ཁུངས་ཁག་ཅིག་ལ་བཅོས་སྒྱུར་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་རྒྱ་སྐྱེད་བྱུང་བ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་འབྲེལ་ཡོད་རྒྱལ་ཁབ་དེ་དག་གིས་བློ་ཚབས་བྱེད་ཀྱི་ཡོད་པ་རེད། ཉེ་ཆར་སྤྱི་ཟླ་༣་པའི་ཚེས་༢༡་ཉིན་རྒྱ་ནག་དབུས་གཞུང་གིས་རྒྱ་ནག་དམར་ཕྱོགས་ཚོགས་པ་དང་གཞུང་གི་ལས་ཁུངས་ཁག་ཅིག་ལ་བཅོས་སྒྱུར་གཏོང་རྒྱུའི་འཆར་གཞི་ཞིག་བཏོན་པར་རྒྱ་ནག་གི་ཆོས་ལུགས་ལས་དོན་ཁང་ཟེར་པ་དང་། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་པའི་གནད་དོན་ལ་འགན་འཁུར་མཁན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་སྡོད་རྒྱ་མིའི་ལས་དོན་ཁང་། གཞན་ཡང་མི་རིགས་ཀྱི་གནད་དོན་སྐོར་ལ་འགན་འཁུར་མཁན་གྱི་ལས་ཁུངས་རྣམས་ད་ནས་བཟུང་སྟེ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་གཅིག་གྱུར་གྱི་འཛིན་སྐྱོང་འོག་ཏུ་འཇུག་རྒྱུའི་གསལ་བསྒྲགས་བྱས་འདུག དབྱེ་ཞིབ་པ་ཁ་ཤས་ཀྱིས་རྒྱ་ནག་གི་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གིས་འདི་ལྟར་དབང་ཆ་རྒྱ་བསྐྱེད་བྱས་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་སྤྲོད་རྒྱུ་སྔར་ལས་ཤུགས་ཆེ་རུ་འགྲོ་སྲིད་པ་མ་ཟད། རྒྱ་གཞུང་གིས་ཆོས་ལུགས་དང་མི་རིགས་གནད་དོན་ལ་སྟངས་འཛིན་བྱེད་ཕྱོགས་ཀྱང་སྔར་ལས་དམ་དྲག་ཆེ་རུ་གཏོང་སྲིད་ཅེས་དཔྱད་བརྗོད་བྱས་འདུག དོན་དངོས་སུ་འདས་པའི་ལོ་ཁ་ཤས་སྔོན་ནས་རྒྱ་ནག་གི་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ནུས་པ་རིམ་བཞིན་རྒྱ་བསྐྱེད་དང་སྟོབས་ཤུགས་ཆེ་རུ་གཏོང་འགོ་ཚུགས་ནས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཁྱབ་ཁོངས་སུ་ཧོང་ཀོང་དང་ཨོ་མེན། ཐེ་ཝན། རྒྱལ་ཁབ་གཞན་ལ་ཆེད་དུ་རྒྱུས་ལོན་དང་འབྲེལ་བ་བྱེད་པའི་སྡེ་ཚན་བཙུགས་ཡོད། ཕྱི་རྒྱལ་ཏུ་ཡོད་པའི་རྒྱ་ནག་གི་ཕྱི་འགྲིམ་སློབ་མའི་སྒྲིག་འཛུགས་ཁག་ཀྱང་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་སུ་བསྡུ་ཐབས་བྱས་ནས་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ཅིག་ལ་མཉམ་འབྲེལ་གྱིས་བཙུགས་པའི་ཁུང་ཙིའི་སློབ་གླིང་བརྒྱུད་ནས་ཕྱི་རྒྱལ་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་ཡོད་ཅིང་། ཐ་ན་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བྱ་ཐབས་འདི་དག་གིས་རྒྱལ་ཁབ་གཞན་གྱི་ས་གནས་འགོི་ཁྲིད་ཚོ་འོས་འདེམས་བྱེད་ཕྱོགས་སུའང་ཤུགས་རྐྱེན་ཐེབས་ཡོད་པར་བརྟེན། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་དང་ཨ་རི། ཨོ་གླིང་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དེ་ལ་དོ་སྣང་དང་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད། ཉེ་ཆར་ཨ་རིའི་ཁེ་རོ་ལེ་ན་མངའ་སྡེའི་གྲོས་ཚོགས་འཐུས་མི་ཇོལ་ཝོལ་སིན་གྱིས་ད་ལྟ་རྒྱ་ནག་གིས་ཨ་རི་སོགས་རྒྱལ་ཁབ་ཁག་ཏུ་བཙུགས་ཡོད་པའི་ཁུང་ཙིའི་སློབ་གླིང་ཁག་ལ་རྒྱུས་ལོན་བྱས་ཚེ། ཁུང་ཙིའི་སློབ་གླིང་ནི་རིག་གཞུང་དར་སྤེལ་བྱ་ཡུལ་ཁོ་ན་མིན་པར་སློབ་གླིང་དེ་དག་གི་སློབ་ཁྲིད་ཀྱི་ནང་དོན་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པ་མ་ཟད། སློབ་གླིང་དེ་དག་བརྒྱུད་ནས་ཨ་རིའི་སློབ་གྲྭ་ཁག་གི་སློབ་མའི་བསམ་བློ་སྒྱུར་བཅོས་གཏོང་ཐབས་བྱེད་ཀྱིན་འདུག་ཅེས་ནན་བརྗོད་འདུག ད་དུང་ཡུ་རོབ་རྒྱལ་ཁབ་འཇར་མན་རིག་མཛོད་ཅེས་པའི་ཉམས་ཞིབ་སྡེ་ཚན་གྱི་ཉམས་ཞིབ་པས་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དོགས་ཟོན་ཆེན་པོ་བྱ་དགོས། རྒྱ་ནག་གི་ཤུགས་རྐྱེན་འོག་ཏུ་ཡུ་རོབ་རྒྱལ་ཁབ་ཁག་གི་ཆིག་སྒྲིལ་ལ་འགལ་ཟླ་སློང་གི་འདུག་ཅེས་བརྗོད་ཡོད། དེ་མིན་ཨོ་གླིང་སྲིད་གཞུང་གིས་ཀྱང་རང་གི་ཆབ་སྲིད་ལ་རྒྱ་ནག་སོགས་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་ཇུས་བྱེད་ཀྱི་ཡོད་པར་དོགས་ཟོན་བྱས་ཏེ། ད་ལྟ་ནས་ཕྱིའི་རྒྱལ་ཁབ་ཀྱི་སྐྱེ་བོ་སྒེར་པ་དང་ཚོགས་པ་སོགས་ཀྱིས་ཨོ་གླིང་གི་སྲིད་དོན་པ་ཚོར་འོས་འདེམས་ཀྱི་དངུལ་སྒོར་ཞལ་འདེབས་སྤྲོད་མི་ཆོག་ཅེས་གླེང་བཞིན་ཡོད་པ་བཀོད་འདུག གཞན་ཡང་ད་ཐེངས་ཀྱི་ལས་ཁུངས་བཅོས་སྒྱུར་གྱི་འཆར་གཞིའི་ནང་དུ་རྒྱ་ནག་གི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཟེར་པའི་གྲངས་ཉུང་མི་རིགས་ཀྱི་ལས་དོན་ལ་འགན་འཁུར་མཁན་གྱི་ལས་ཁུངས་དེ་ཉིད་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འཛིན་སྐྱོང་འོག་ཏུ་བསྡུས་ཡོད་པས་བོད་དང་ཞིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་སྔར་ལས་ལྷག་པའི་དམ་དྲག་དང་སྟངས་འཛིན་ཐེབས་སྲིད། བོད་དང་ཞིན་ཅང་སོགས་ལ་འབྲེལ་བ་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆབ་སྲིད་པ་སོགས་ལའང་རྒྱ་ནག་གིས་གནོན་ཤུགས་སྤྲོད་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG