ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་དང་རྒྱ་ནག་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱས་ནས་རིག་དངོས་ཀྱི་ཅ་ལག་རྣམས་རྫུན་བཟོ་བྱེད་ཀྱིན་འདུག རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་མ་བྱས་ཚེ། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ཁག་ལ་ཚོང་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཏེ། ཕྱི་ཟླ་༣་ཚེས་༢༢་ཉིན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ཁག་ཅིག་ལ་ཚོང་ཁྲལ་ཨ་སྒོར་དུང་ཕྱུར་༥༠༠་ལྷག་སྤར་རྒྱུའི་ཁྱབ་བསྒྲགས་བྱས་འདུག ཨ་རིའི་གཞུང་གིས་དཔྱ་ཁྲལ་སྤར་རྒྱུའི་དངོས་ཟོག་གི་རྣམ་གྲངས་གྲས་སུ་ལྷམ་དང་གྱོན་གོས། གློག་ཆས་ཀྱི་རིགས་དང་ཧ་ཡང་། དྭངས་ལྕོགས་བཅས་དངོས་ཟོག་རིགས་མ་འདྲ་བ་༡༠༠་ལྷག་ཡོད་ཅིང་། ད་དུང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀར་མ་རྩ་འཛུགས་ཀྱི་ཡོད་པ་དེ་ལའང་བཀག་སྡོམ་བྱ་རྒྱུ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་ཨ་མི་རི་ཀའི་ཆེས་དེང་རབས་ཅན་གྱི་ཚན་རིག་ལག་རྩལ་གྱི་བཅོས་སྒྲིག་རྣམ་དཔྱོད་དང་འཁྱེར་བདེའི་འཕྲུལ་རིག་གི་བཟོ་ལས་ཁག་ལ་མ་རྩ་བཙུགས་ཏེ། མ་འོངས་པར་ཨ་མི་རི་ཀའི་ཆེས་དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་ལ་འཁྱེར་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་ཨ་རིའི་བཟོ་ལས་སྲིད་ཇུས་ལ་རྒྱབ་འགལ་ཡིན་ཞིང་། ༢༠༡༦་ལོར་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀར་དཔལ་འབྱོར་གྱི་གྱོང་གུད་སྤྲོད་མཁན་གཙོ་བོ་ཞིག་རྒྱ་ནག་ཡིན། གལ་སྲིད་ང་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ན་ངས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱ་རྒྱུ་དང་། རྒྱ་ནག་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དངོས་ཟོག་ཁག་ལ་ཚོང་ཁྲལ་སྤར་རྒྱུ་ཡིན་ཞེས་ཁས་ལན་དམ་བཅའ་བཞག་ཡོད། གཟའ་པ་སངས་ནས་ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་དྭངས་ལྕགས་དང་ཧ་ཡང་། གློག་ཆས་ཀྱི་རིགས་སོགས་དངོས་ཟོག་ཁག་ལ་ཚོང་ཁྲལ་སྤར་རྒྱུ་ལག་ལེན་བསྟར་གྱི་ཡོད་པ་དང་། ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་རྒྱལ་ཁབ་གཞན་གྱི་དྭངས་ལྕགས་དང་ཧ་ཡང་། དེ་མིན་གྱི་དངོས་ཟོག་རིན་གོང་དམའ་མོ་རྣམས་བཙོངས་ནས་ཨ་རིའི་རྒྱལ་ནང་གི་དྭངས་ལྕགས་དང་ཧ་ཡང་གི་བཟོ་གྲྭ་ཁག་སྒོ་རྒྱག་དགོས་ཐུག་ཡོད། ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་པའི་སྲིད་ཇུས་འདི་དང་ཨ་མི་རི་ཀའི་སྲིད་གཞུང་རིམ་པ་ཞིག་གིས་ཁྲོམ་ར་སྒོ་འབྱེད་དང་འཛམ་གླིང་གི་དཔལ་འབྱོར་མཉམ་འདྲེས། རྒྱ་ནག་གི་དངུལ་སྒོར་རྣམས་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ན་དགེ་མཚན་ཡོད་པའི་སྲིད་ཇུས་ཤིག་རྒྱུན་འཁྱོངས་བྱས་པ་གཉིས་འགལ་ཟླ་ཡིན་པ་དང་། གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་གཉིས་ཡིན། ང་ཚོས་ཨ་མི་རི་ཀར་ཚོང་ལས་ཀྱི་འཐབ་འཁྲུག་ཅིག་རྒྱག་འདོད་མེད། གལ་སྲིད་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་ན་རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་ཚོང་ཁྲལ་སྤར་ནས་ལན་པ་སློག་དགོས་ཐུག་སྲིད། མཐར་ཨ་མི་རི་ཀའི་མི་དམངས་ལ་དངོས་ཟོག་གི་རིན་གོང་འཕར་རྒྱུ་ཉག་ཅིག་རེད་ཅེས་ཉེན་བརྡ་བཏང་འདུག ཚོང་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཨ་མི་རི་ཀ་ནས་འབྲུ་རིགས་ནང་འདྲེན་བྱེད་ཀྱི་ཡོད་པར་ཚོར་ཁྲལ་སྤར་སྲིད། ཨ་མི་རི་ཀས་ཞིང་ལས་པ་ཚོར་རང་གི་ཐོན་སྐྱེད་བཙོང་ས་མེད་པར་དཀའ་ངལ་འཕྲད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་རྒྱ་ནག་དང་ཨ་མི་རི་ཀ་མཉམ་འབྲེལ་བྱེད་ཀྱི་ཡོད་པར་འགལ་རྐྱེན་འཕྲད་སྲིད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་ཕུལ་བྱུང་གློག་བརྙན་ཁང་དང་ཝོལ་ཌི་རོབ་ཨོ་སི་ཏོ་རི་ཡ་མགྲོན་ཁང་ཆེན་མོ། ཨ་མི་རི་ཀའི་མགྲོན་ཁང་མང་པོ་ཞིག་ཉོ་བཞིན་པར་ཨ་མི་རི་ཀའི་གཞི་རིམ་མང་ཚོགས་ལ་མི་དགའ་བའི་ལྟ་ཚུལ་ཤུགས་ཆེན་ཡོད་ཅིང་། ལྷག་པར་དུ་ཨ་མི་རི་ཀའི་ཧ་ཡང་དང་དྭགས་ལྕགས་བཟོ་གྲྭ་ཁག་གིས་ཕྱི་རྒྱལ་གྱི་དངོས་ཟོག་འགོག་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པས་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་དཔྱ་ཁྲལ་སྤར་རྒྱུའི་སྲིད་ཇུས་དེར་ཨ་རིའི་མང་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཞིག་མངོན། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་ལག་རྩལ་རྐུ་འཁྱེར་བྱས་པའམ། ཡང་ན་ཨ་མི་རི་ཀའི་ཅ་ལག་རྫུན་བཟོ་བྱས་ནས་ལོ་ལྟར་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ཨ་སྒོར་ཁྲག་ཁྲིག་༣་དང་ཐེར་འབུམ་ཆེན་མོ་༥༠་ཐམ་པའི་གྱོང་གུད་ཕོག་གི་ཡོད་པ་དང་། སྔོན་ཆད་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་ཨ་སྒོར་ཐེར་འབུམ་མང་པོ་མ་རྩ་བཙུགས་ཤིང་། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་རང་ཡུལ་གྱི་དངུལ་སྒོར་རྣམས་ཕྱི་རྒྱལ་ལ་གཏོང་གི་ཡོད་པར་བཀག་འགོག་ནན་པོ་བྱས་ཏེ། ན་ནིང་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཨ་སྒོར་དུང་ཕྱུར་༨༧་ལས་ཨ་མི་རི་ཀར་མ་རྩ་འཛུགས་ཐུབ་མེད། རྒྱ་ནག་གི་འབྱོར་ལྡན་པ་མང་ཆེ་བས་རང་ཡུལ་གྱི་ཆབ་སྲིད་ལམ་ལུགས་བརྟན་པོ་མེད་པ་དང་རང་གི་རྒྱུ་དངོས་སྲུང་སྐྱོབ་མེད་པ། རྒྱ་ནག་གི་འབྱོར་ལྡན་པ་མང་པོ་ཞིག་ཁྲིམས་འགལ་དང་ལྐོག་ཟ་སོགས་ལ་འབྲེལ་བ་ཡོད་པར་བརྟེན། ཁོ་ཚོས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མ་རྩ་བཙུགས་ནས་བྲོས་བྱོལ་དུ་འགྲོ་བཞིན་ཡོད་པ་དང་། ཞིས་ཅིན་ཕིང་གིས་དབང་སྒྱུར་འོག་ཏུ་རྒྱ་ནག་ལ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རང་གི་ལག་རྩལ་དང་འཕྲུལ་རིག་གི་གསང་བ། རྒྱ་ནག་གི་དམག་དོན་ལ་མཁོ་བ་དང་རྒྱ་ནག་ལ་མེད་པའི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་རྩེ་ཕུད་ཀྱི་བཟོ་ཚོང་ལས་ཁུངས་ཁག་ཅིག་རྒྱ་ནག་གིས་ཉོ་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG