ངོ་འཕྲད་བདེ་བའི་དྲ་འབྲེལ།

རྩོིམ་པ་པོ་ཞོགས་ལྗང་བཙོན་གྲོལ།
please wait

No media source currently available

0:00 0:02:38 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་རང་དབང་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་པ་ཞོགས་ལྗང་ངམ། དངོས་མིང་ལ་འབྲུག་ལོ་ཞེས་པ་དེ་རིང་སྤྱི་ཟླ་༣་པའི་ཚེས་༡༩་ཉིན་བཙོན་འཇུག་གི་ལོ་དུས་ཚང་ནས་བཙོན་གྲོལ་ཐོབ། ཁོང་རང་གི་སྐྱེས་ཡུལ་རྒན་གྱ་ཡུལ་ཚོར་བསླེབས་ཀྱང་ས་མ་རུབ་བར་དུ་རང་ཁྱིམ་ལ་ལོག་ཏུ་མ་བཅུག་པར་བཀག་པ་དང་ས་རུབ་པའི་རྗེས་སུ་ཁྱིམ་ལ་ལོག་ཏུ་བཅུག་པའི་གནས་ཚུལ་ཐོན་འདུག རྩོམ་པ་པོ་ཞོགས་ལྗང་ནི་སྤྱི་ལོ་༢༠༡༥་ལོའི་ཟླ་༣་པའི་ཚེས་༡༩་ཉིན་རྒྱ་ནག་གི་ཉེན་རྟོག་པས་རེབ་གོང་དུ་འཛིན་བཟུང་བྱས་ཤིང་། ༢༠༡༥་ལོའི་ཟླ་༥་བའི་ཚེས་༥་ཉིན་དངོས་སུ་འཛིན་བཟུང་བྱས་པའི་གསལ་བསྒྲགས་སྤེལ། ལོ་དེའི་ཟླ་༧་པའི་ཚེས་༢༡་ཉིན་རྨ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་གིས་ཞོགས་ལྗང་ལ་ཁྲིམས་བཤེར་བྱས་ཀྱང་དོ་བདག་གིས་རང་ལ་བཙུགས་པའི་ནག་ཉེས་རྣམས་ཁྲིམས་འགལ་རེད་ཅེས་དག་སེལ་བྱས་ནས་ཁྲིམས་ཁང་གིས་ཞོགས་ལྗང་ལ་ཁྲིམས་ཐག་གཅོད་རྒྱུ་ཕྱིར་འགྱངས་བྱས་ཤིང་། སྤྱི་ལོ་༢༠༡༦་ལོའི་ཟླ་༢་པའི་ཚེས་༡༧་ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞོགས་ལྗང་ལ་ཁྲིམས་བཤེར་ཐེངས་གཉིས་པ་བྱས་ནས་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱེད་མཁན་གྱི་ཉེས་མིང་བཏགས་ནས་ལོ་༣་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་མ་ཟད། ལོ་༢་ལ་ཆབ་སྲིད་ཁེ་དབང་ཡང་འཕྲོག་མོད། འོན་ཀྱང་ཞོགས་ལྗང་གིས་རང་ལ་ཁྲིམས་ཐག་བཅད་པའི་མཇུག་འབྲས་དེར་ངོས་ལེན་མ་བྱས་པར་བཀག་ཉར་ཁང་དུ་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་གོང་གཏུག་ཞུ་ཡིག་ཕུལ་ནས་ཁྲིམས་ལྟར་རྒྱུ་འབྲས་དྲང་བཞག་གིས་ཁྲིམས་བཤེར་བསྐྱར་དུ་བྱ་དགོས་པའི་རེ་འདུན་ཞུས། རེ་འདུན་ཡི་གེ་དེའི་ནང་དུ་དོ་བདག་གི་ཆོས་ལུགས་དད་མོས་རང་དབང་གི་སྐོར་གྱི་དྲ་རྩོམ་ཞིག་བྲིས་ཡོད་པར་ནག་ཉེས་ཕོག་པ་དང་། ཆོས་ལུགས་དད་མོས་རང་དབང་ནི་ཀྲུང་གོའི་རྩ་ཁྲིམས་སུ་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱི་ཐོབ་ཐང་གལ་ཆེན་ཞིག་ཡིན་པས་ཞོགས་ལྗང་གིས་རྩོམ་ཡིག་ཀྱང་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཐོབ་ཐང་གཞི་རྩར་བཟུང་ནས་བྲིས་པ་ཡིན། ཁོང་ལ་ནག་ཉེས་དོན་ཚན་༦་བཙུགས་པ་ཚང་མར་རེ་རེ་བཞིན་འགྲེལ་བཤད་བརྒྱབ་ཀྱང་བསྐྱར་དུ་ཁྲིམས་བཤེར་མ་བྱས་པར་ལོ་༣་གྱི་དུས་བཀག་བཙོན་འཇུག་རང་སོར་བཞག་ནས་མཚོ་སྔོན་ཞིང་ཆེན་གྱི་མཱིན་ཡོན་བཙོན་ཁང་དུ་བཅུག་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་མི་མང་སྒེར་པ་མང་པོ་ཞིག་གིས་ཞོགས་ལྗང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཏགས་ནས་བཙོན་འཇུག་བྱས་པ་ཁྲིམས་མཐུན་ཞིག་མིན། ཁོང་ལ་མ་ཉེས་ཁ་གཡོགས་བྱས་ནས་བཙོན་འཇུག་བྱས་པ་ནི་ཁྲིམས་མཐུན་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རང་དབང་རྩོམ་པ་པོ་ཞོགས་ལྗང་གི་དངོས་མིང་ལ་འབྲུག་དཀར་རྒྱལ་དང་རྒྱུན་ཏུ་འབྲུག་ལོ་ཞེས་འབོད། ཁོང་ནི་རྒན་གྱའི་ཁ་གྱ་ཞེས་པའི་སྡེ་པར་སྐྱེས། སྤྱི་ལོ་༢༠༠༦་ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དུ་ཞུགས་ནས་སློབ་གླིང་དེར་མིང་གྲགས་ཡོད་པའི་རང་མོས་གླེང་སྟེགས་ཅེས་པའི་གླེང་སྟེགས་ཀྱི་འགན་འཛིན་པའི་ལས་ཁུར་བཞེས་མྱོང་བ་མ་ཟད། ཤར་དུང་རི་སོགས་དུས་དེབ་ཁག་གི་སྟེང་དུའང་སྙན་ངག་དང་འབོལ་རྩོམ་སོགས་རྩོམ་བྲིས་མྱོང་། སྤྱི་ལོ་༢༠༡༠་ལོར་རྒྱ་གཞུང་གི་ཉེན་རྟོག་པས་ཟླ་༡་གི་རིང་ལ་འཛིན་བཟུང་བྱས་པའི་རྗེས་སུ་སློབ་གྲྭ་ནས་ཕྱིར་ཕུད་བཏང་སྟེ་སློབ་སྦྱོང་མུ་མཐུད་དུ་བྱ་ཐུབ་མེད་ཅིང་། སློབ་གྲྭ་ནས་ཕྱིར་ཕུད་བྱས་པའི་རྗེས་སུ་ཞོགས་ལྗང་གིས་རང་གྲོལ་སྙིང་སྟོབས་དང་སྙུ་གུའི་སྟོབས། རང་དབང་གི་ཆེད་དུ་ང་ལ་བློ་འགྱོད་མེད་ཅེས་པ་སོགས་བྲིས་རྩོམ་དང་སྒྱུར་རྩོམ་གྱི་དཔེ་དེབ་གསུམ་དཔར་དུ་བསྐྲུན་ཡོད་པ་རེད།།

XS
SM
MD
LG