ངོ་འཕྲད་བདེ་བའི་དྲ་འབྲེལ།

གསར་འགོད་པ་རྫུན་མ།


གསར་འགོད་པ་རྫུན་མ།
please wait

No media source currently available

0:00 0:06:23 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་དུ་བུད་མེད་གསར་འགོད་པ་གཉིས་ཀྱི་རྣམ་འགྱུར་དེ་དག་དྲ་ལམ་གྱི་གླེང་གཞི་ཞིག་ཏུ་གྱུར་ནས་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་བའི་གསར་འགོད་པ་རྫུན་མ་དང་གཞུང་གིས་བཀོད་སྒྲིག་བྱས་པའི་གསར་འགོད་པ་ཇེ་མང་དུ་འགྲོ་བཞིན་པ་རྣམས་ཐེར་འདོན་བྱུང་སྟེ་རིམ་བཞིན་ཆབ་སྲིད་ཀྱི་ཚོར་སྐྱེན་རྣོན་པོའི་འོག་ཏུ་བཀག་སྡོམ་བྱས་ཡོད་པ་རེད།། ལོ་རེའི་སྤྱི་ཟླ་༣་པའི་ནང་དུ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་རེའི་ཚོགས་འདུ་གལ་ཆེན་གཉེས་ཚོགས་སྲོལ་ཡོད་ཅིང་། ད་ལོའི་ཚོགས་འདུ་གལ་ཆེན་གཉིས་ཀྱི་སྐབས་སུ་རྒྱ་ནག་གཞུང་གིས་འགོག་ཐབས་མ་བྱུང་བར་བརྙན་འཕྲིན་ཐད་གཏོང་དུས་སུ་སྟོད་ལྭ་དམར་པོ་དང་སྟོད་ལྭ་སྔོན་པོ་གྱོན་མཁན་བུད་མེད་གསར་འགོད་པ་གཉིས་ཀྱིས་མི་རྣམས་ལ་རང་བཞིན་གྱི་འཁྲབ་སྟོན་ཡག་པོ་ཞིག་བྱས་སོང་ཞེས་གླེང་བཞིན་འདུག སྤྱི་ཟླ་གསུམ་པའི་ཚེས་༡༣་ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཏུ་སྟོད་ལྭ་དམར་པོ་གྱོན་པའི་བུད་མེད་གསར་འགོད་པ་ཀྲང་ཧེའུ་ཅོན་ཟེར་པ་ཞིག་གིས་ང་ཨ་རིའི་བརྒྱུད་ལམ་སྣ་མང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཡིན། ང་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་ཡིན་པའི་ངོས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་སྲིད་འཛིན་གྱི་ལས་དུས་ལ་ཚད་འཛིན་མེད་པར་གཏོང་རྒྱུའི་ཐག་གཅོད་བཅས་ལ་བསྔགས་བརྗོད་ཡོད་ཅེས་དྲི་བ་མ་དྲིས་པའི་སྔོན་དུ་དེ་ལྟར་བཤད་ཡོད། དེར་བརྟེན་གསར་འགོད་པ་དེའི་འཁྲིས་སུ་ཡོད་པའི་ཧྲང་ཧེ་དཔལ་འབྱོར་དུས་དེབ་ཨང་དང་པོའི་གསར་འགོད་པ་བུད་མེད་སྟོད་ལྭ་སྔོན་པོ་གྱོན་མཁན་ལཱེང་ཤཱ་ཡེ་ཞེས་པ་ཞིག་གིས་མིག་ལོག་བལྟས་ནས་མ་འདོད་པའི་རྣམ་འགྱུར་མང་པོ་བསྟན་ཡོད་ཅིང་། རྒྱ་ནག་གི་ཚོགས་འདུ་གལ་ཆེན་འདི་དག་གི་དུས་སུ་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་རྟག་ཏུ་ཚོགས་འདུའི་རྒྱུད་རིམ་གྱི་གསར་འགོད་ལྷན་ཚོགས་ཐད་གཏོང་བྱེད་བཞིན་ཡོད་པ་ལྟར་བུད་མེད་གསར་འགོད་པ་གཉིས་ཀྱི་རྣམ་འགྱུར་དང་རྣམ་པ་དེ་དག་ཀྱང་ཐད་གཏོང་ཤོར་པ་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་མོད། འོན་ཀྱང་དེ་མ་ཐག་ཏུ་རྒྱ་ནག་གི་དྲ་ལམ་ཡོངས་སུ་སྟོད་ལྭ་དམར་པོ་དང་སྟོད་ལྭ་སྔོན་པོ་ཅན་ཞེས་པའམ། ཡང་ན་གསར་འགོད་པའི་མིག་ལོག་ཅེས་གླེང་གཞི་ཆེ་ཤོས་སུ་གྱུར་ཡོད། མི་མང་གི་ཁྲོད་དུའང་མ་འདོད་པར་མིག་ལོག་ལྟ་མཁན་སྟོད་ལྭ་སྔོན་པོ་ཅན་གྱི་བུད་མེད་གསར་འགོད་པ་དེར་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། འདི་ནི་དུས་ཡུན་རིང་པོར་ཁ་མ་གྲག་པའི་མི་མང་དཀྱུས་མའི་རྣམ་འགྱུར་ཡིན་ཞེས་བཤད་མཁན་ཡང་བྱུང་འདུག ཕྱི་རྒྱལ་གསར་འགོད་པ་ཡིན་ཞེས་པའི་ཀྲང་ཧེའུ་ཅོན་ནི་གསར་འགོད་པ་རྫུན་མ་ཞིག་དང་། ཨ་རིའི་བརྒྱུད་ལམ་སྣ་མང་བརྙན་འཕྲིན་ཁང་ཞེས་པ་གསར་ཁང་ངོ་མ་ཞིག་མིན། མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་སུ་གསར་འགོད་པ་མཛེས་མ་ཞེས་ཡང་ཡང་འབོད་སའི་ཀྲང་ཧེའུ་ཅོན་གྱིས་ད་ལྟའི་བར་དུ་རྒྱལ་སྤྱིའི་གསར་ཁང་ག་གེ་མོ་དང་ཧོང་ཀོང་གསར་ཁང་ག་གེ་མོའི་གསར་འགོད་པ་ཡིན་ཞེས་རྒྱུན་དུ་ཕྱི་རྒྱལ་གསར་འགོད་པའི་བྱང་བུ་ཐོགས་ཏེ་ཕྱི་རྒྱལ་གྱི་གསར་འགོད་པ་ཡིན་ཁུལ་གྱི་འཁྲབ་སྟོན་བྱས་པའི་བདེན་དཔང་གི་པར་རིས་དང་ཡིག་ཆ་ཁག་ཀྱང་ཕྱི་བསྒྲགས་བྱུང་སྟེ། ཀྲང་ཧེའུ་ཅོན་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་གསར་འགོད་པ་རྫུན་མ་དང་གཞུང་འབྲེལ་གྱི་བརྙན་འཕྲིན་བརྒྱུད་ནས་ཕྱི་རྒྱལ་གྱི་གསར་འགོད་པའི་རྣམ་པ་བསྟན་ནས་མི་མང་གི་མདུན་དུ་འཁྲབ་སྟོན་བྱེད་དུ་བཅུག་པ་རེད་ཅེས་དཔྱད་བརྗོད་སྤེལ་མཁན་འབྱུང་བཞིན་ཡོད་པ་རེད།། ད་ལོའི་རྒྱ་ནག་གི་ཚོགས་ཆེན་གཉིས་ནི་ཚོར་སྐྱེན་རྣོ་བའི་དུས་ཚོད་ཅིག་ལ་ངོས་འཛིན་བྱས་ཏེ་ཚོགས་ཆེན་ལ་དཔྱད་གླེང་གཏིང་ཟབ་དང་དོགས་འདྲི་བྱེད་མཁན་བྱུང་ན་འཕྲལ་དུ་བཀག་སྡོམ་བྱེད་བཞིན་པ་མ་ཟད། ཚོགས་ཆེན་འཚོགས་པའི་དུས་ཡུན་ལ་ཝི་པོ་དྲ་ཚིགས་ལའང་སྔར་ལས་ལྷག་པའི་དམ་དྲག་བྱས་ནས་དོགས་འདྲི་ཅན་གྱི་བརྗོད་བྱང་རྣམས་བཀག་སྡོམ་བྱས་ཡོད་པ་རེད།།

XS
SM
MD
LG