ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་དམག་དོན་འགྲོ་གྲོན་ཇེ་མང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁང་གི་འགན་འཛིན་ཌན་ཀོ་ཊི་སི་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་ལ་བཅར་ཏེ། ཁོང་གིས་འཛམ་གླིང་ཡོངས་ཀྱི་ཉེན་ཀ་འབྱུང་ས་ཁག་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་གྲོས་ཚོགས་འཐུས་མི་ཚོར་སྙན་སེང་ཞུས་ཡོད་ཅིང་། རྒྱ་ནག་གིས་དམག་དོན་དང་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་བར་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་གཏོང་གི་ཡོད་པ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཨེ་ཤི་ཡ། ལྷག་པར་དུ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བློ་འཚབ་སྐྱེ་དགོས་པ་ཞིག་ཡིན། རྒྱ་ནག་གིས་རྒྱལ་ཁབ་༦༨་ཀྱི་ནང་དུ་ཨ་སྒོར་དུང་ཕྱུར་༨༠་ཐམ་པ་མ་རྩ་བཙུགས་ནས་དམག་དོན་འཐབ་ཇུས་ཀྱི་ལྟེ་གནས་འཛིན་གྱི་འདུག་ཅེས་བཤད་འདུག བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་༢༠༡༨་ལོར་རྒྱ་ནག་གི་དམག་དོན་འགྲོ་གྲོན་བརྒྱ་ཆ་༨་དང་གྲངས་ཆུང་༡་སྤར་པའི་དམིགས་ཡུལ་གཙོ་བོ་མི་དམངས་བཅིངས་འགྲོལ་དམག་དེང་རབས་ཅན་ལ་བསྒྱུར་པའི་ཆེད་དུ་ཡིན་ཞེས་བསྒྲགས་ཀྱང་རྒྱ་ནག་གི་དམག་དོན་འགྲོ་གྲོན་ཕྱི་ལ་ཁྱབ་བསྒྲགས་བྱས་པ་དང་དངོས་སུ་འགྲོ་གྲོན་གཏོང་གི་ཡོད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཀྱང་ཨ་སྒོར་དུང་ཕྱུར་༥༠༠་ཐམ་པའི་དམག་དོན་འགྲོ་གྲོན་སྤར་ཏེ་ཨ་མི་རི་ཀའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་སོགས་ཡར་རྒྱས་གཏོང་རྒྱུ་ཡིན། རྒྱ་ནག་དང་ཨུ་རུ་སུ་སོགས་ནས་ཉེན་ཀ་འབྱུང་སྲིད་པར་འགོག་རྒོལ་བྱ་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་ཅེས་བཤད་མོད། འོན་ཀྱང་ཉམས་ཞིབ་པ་ཕལ་ཆེ་བས་ཨ་མི་རི་ཀའི་དམག་དོན་འགྲོ་གྲོན་རྒྱ་ནག་གི་དམག་དོན་འགྲོ་གྲོན་གྱི་རྗེས་ཟིན་གྱི་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། ཨ་མི་རི་ཀའི་དམག་གི་འགྲོ་གྲོན་བརྒྱ་ཆ་མང་པོ་ཞིག་དམག་གི་གླ་ཕོགས་དང་སྨན་བཅོས། འཕྲོད་བསྟེན་ལྟ་སྐྱོང་དང་འཚོ་བའི་མཐུན་རྐྱེན་སོགས་ལ་འགྲོ་གྲོན་གཏོང་གི་ཡོད་ཅིང་། ད་ལྟ་རྒྱ་ནག་དང་ཨ་མི་རི་ཀས་རང་གི་ཁེ་ཕན་དང་ཤུགས་རྐྱེན་རྒྱུན་འཁྱོངས་བྱེད་པའི་ཆེད་དུ་ཕྱོགས་གཉིས་ཀས་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་གྱི་ཡོད་པ་དང་། དེར་བརྟེན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་མང་པོ་ཞིག་གི་འཕྲུལ་རིག་ལག་རྩལ་རྒྱ་ནག་གིས་ཉོ་རྩིས་བྱེད་ཀྱི་ཡོད་པ་འགོག་གི་ཡོད་པ་མ་ཟད། སྲིད་འཛིན་ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་གིས་རྒྱལ་སྤྱིའི་ལག་ཐོགས་ཁ་པར་དང་རིམ་འདས་གློག་ཀླད། བཅོས་སྒྲིག་རྣམ་དཔྱོད་དང་ཆེས་དེང་རབས་ཅན་གྱི་འཕྲུལ་རིག་ལག་རྩལ་གྱི་རིག་གནས་ཁག་ལ་དབང་སྒྱུར་བྱ་དགོས་པའི་ཧམ་སེམས་བཅངས་ཡོད་པས་ཨ་རིའི་གཞུང་གིས་རང་གི་བཟོ་ཚོང་ལས་ཁང་ཁག་གི་དམག་དོན་འཕྲུལ་རིག་ལག་རྩལ་རྒྱ་ནག་ལ་བཙོང་སྲིད་པ་རྣམས་འགོག་ཐབས་བྱེད་པའམ། ཡང་ན་ཨ་རིའི་བཟོ་ཚོང་ལས་ཁང་དེ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམག་དོན་ལ་འབྲེལ་བ་ཡོད་པའི་འཕྲུལ་རིག་བཙོངས་ན་དེ་ལ་རིག་དངོས་བདག་དབང་བཙོངས་པའི་ནག་ཉེས་འཛུགས་ཆོག་གི་ཡོད་མོད། ཡིན་ནའང་རྒྱ་ནག་གཞུང་གིས་མ་འོངས་པར་རང་གི་འཕྲུལ་རིག་ལག་རྩལ་རྒྱལ་ཁབ་གཞན་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བ་ཞིག་འབྱུང་བར་རྒྱལ་ཁབ་གཞན་གྱི་འཕྲུལ་རིག་ལག་རྩལ་ཉོ་དགོས་པ་དང་བརྐུ་དགོས་པ། ཡང་ན་རྐུ་ཉོ་གཉིས་ཀ་བྱ་དགོས་ཐུག་ཀྱང་དམིགས་ཡུལ་དེ་བསྒྲུབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དཔེར་ན་ཨ་རིའི་ཁོལ་ཁེམ་སྐུད་མེད་འཕྲུལ་རིག་བཟོ་ཚོང་ཁང་རྒྱ་ནག་གིས་ཉོ་རྩིས་བྱེད་ཀྱི་ཡོད་པ་དང་བཟོ་ཚོང་ལས་ཁང་དེའི་ལག་ཐོགས་ཁ་པར་དང་རིམ་འདས་གློག་ཀླད་བཅས་ཀྱི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་ལ་འཐོབ་ན་རྒྱ་ནག་གིས་འཛམ་གླིང་ཡོངས་ཀྱི་ལག་ཐོགས་ཁ་པར་དང་རིམ་འདས་གློག་ཀླད་ཀྱི་འཕྲུལ་རིག་ལག་རྩལ་ལ་ཁ་ལོ་བསྒྱུར་ཐུབ། དེར་བརྟེན་ཨ་རིའི་གྲོས་ཚོགས་དང་ནོར་སྲིད་ལྷན་ཁང་། ད་དུང་ཨ་མི་རི་ཀའི་གཞུང་གཉེར་ཚན་པ་ཁག་གིས་ཁོལ་ཁེམ་བཟོ་ཚོང་ལས་ཁང་རྒྱ་ནག་ལ་བཙོང་ཆོག་མིན་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། གལ་སྲིད་ཨ་མི་རི་ཀའི་དམག་དོན་དང་རྒྱལ་ཁབ་ཀྱི་བདེ་འཇགས། དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་རྩེ་ཕུད་རྣམས་རྒྱ་ནག་ལ་བཙོང་གི་ཡོད་ཚེ། ཨ་རིའི་གཞུང་གིས་ཁོལ་ཁེམ་བཟོ་ཚོང་ལས་ཁང་རྒྱ་ནག་ལ་བཙོང་མི་ཆོག་པའི་བཀག་འགོག་བྱེད་ཆོག ན་ནིང་ཡང་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁང་མང་དག་ཅིག་ཉོ་རྩིས་བྱས་པར་ཨ་རིའི་གཞུང་གིས་བཀག་ཡོད། ད་ལྟ་ཁོལ་ཁེམ་བཟོ་ཚོང་ལས་ཁང་རྒྱ་ནག་གི་ཉོ་ཆོག་མིན་ལ་ལྟ་ཚུལ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་སུ་ཁོལ་ཁེམ་བཟོ་ཚོང་ལས་ཁང་རྒྱ་ནག་ལ་བཙོང་རྒྱུ་དེར་ངོ་རྒོལ་བྱེད་མཁན་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད།།

XS
SM
MD
LG