ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོར་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ལྷོ་ཀོ་རི་ཡའི་མཐོ་རིམ་གཞུང་འབྲེལ་མི་སྣའི་སྐུ་ཚབ་ཚོགས་པ་ཞིག་བྱང་ཀོ་རི་ཡར་ཉི་མ་གཉིས་ཀྱི་རིང་འཚམས་འདྲིར་ཕེབས་ཏེ། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རང་གི་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་ཨ་མི་རི་ཀར་གྲོས་མོལ་བྱ་འདོད་ཡོད་ཅེས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོར་བཤད་པའི་གནས་ཚུལ་ཐོན་ཡོད། གལ་སྲིད་བྱང་ཀོ་རི་ཡའི་གཞུང་གིས་ངོ་མར་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཚེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡར་ཞི་དྲག་གཉིས་ཀྱི་གནོན་ཤུགས་སྤྲོད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་པར་རྒྱལ་ཁ་ཆེན་པོ་ཞིག་ཡིན། སྔོན་ཆད་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཨུན་ཨིལ་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེ་ཌི་ལིན་ཨོལ་བྷུ་ར་ཡེ་ཊི་ལའང་སྐད་ཆ་འདི་འདྲ་བཤད་མྱོང་ཡོད་པ་རེད། ལྷོ་བྱང་ཀོ་རི་ཡའི་སྐུ་ཚབ་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་དང་དེ་མིན་གྱི་གནད་དོན་འགའ་ཞིག་ལ་གྲོས་མོལ་བྱས་ཀྱང་གཙོ་ཆེ་བ་ད་ལོའི་ཕྱི་ཟླ་༤་པར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གཉིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་སྟེ། བྱང་ཀོ་རི་ཡའི་ཕྱོགས་ནས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུའི་རྣམ་འགྱུར་བསྟན་སོང་། གལ་སྲིད་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་ཡོད་པ་དང་བྱང་ཀོ་རི་ཡར་དམག་གིས་དྲག་རྒོལ་བྱ་རྒྱུའི་ཉེན་ཀ་མེད་ན་ང་ཚོས་རྡུལ་ཕྲན་མཚོན་ཆ་ཉར་འཛིན་བྱ་དགོས་དོན་མེད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག ཡིན་ནའང་བྱང་ཀོ་རི་ཡའི་གཞུང་གིས་ང་ཚོས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོར་དེ་ལྟར་བཤད་པ་ཡིན་ཞེས་ངེས་གཏན་བྱས་མེད་ཅིང་། བྱང་ཀོ་རི་ཡའི་གཞུང་གིས་ངེས་གཏན་བྱས་ན་ཀིམ་ཇུང་ཨུན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་གླེང་སློང་བྱས་པ་ཐེངས་དང་པོ་ཡིན། ད་སྔ་ཕན་ཆད་ལ་བྱང་ཀོ་རི་ཡའི་གཞུང་གིས་རང་གི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ལ་གྲོས་མོལ་བྱ་འདོད་མེད། བྱང་ཀོ་རི་ཡས་ཨ་རི་བཙན་རྒྱལ་རིང་ལུགས་ལ་གྲོས་མོལ་བྱ་དགོས་དོན་མེད་ཅེས་ལངས་ཕྱོགས་མཁྲེགས་པོ་བཟུང་། འོན་ཀྱང་ད་ལྟ་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པས་བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀར་ལྷག་བསམ་རྣམ་དག་གི་སྒོ་ནས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་འཛུགས་ཕྱོགས་ལ་གྲོས་མོལ་བྱ་འདོད་ཡོད། ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་གྱི་དུས་སུ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ནས་འཁྲུག་རྩོད་ཀྱང་སློང་གི་མིན་ཞེས་བཤད་ཡོད་པ་རེད། ༢༠༡༧་ལོར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་ལན་མང་བྱས་ཏེ་ཨ་མི་རི་ཀས་བྱང་ཀོ་རི་ཡར་དམག་བརྒྱབ་ནས་ཀིམ་ཇུང་ཨུན་གྱི་སྲིད་གཞུང་མགོ་རྟིང་སློག་རྒྱུའི་སྡིགས་ར་བསྐུལ་པ་དང་། རྒྱལ་སྤྱིའི་ཐོག་ཏུ་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་སླར་ཡང་དམག་འཁྲུག་ཆེན་པོ་ཞིག་ལངས་སྲིད་པའི་ཉེན་ཀ་བྱུང་ཡོད། ཉེ་ཆར་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཚོགས་ནས་བྱང་ཀོ་རི་ཡའི་རྩེད་འགྲན་པ་རྣམས་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱས་པ། ལྷག་པར་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་ལྷོ་ཀོ་རི་ཡའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱས་ཏེ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡའི་མཐོ་རིམ་སྐུ་ཚབ་ཚོར་གསོལ་སྟོན་བཤམས་ནས་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་ཞེས་མགྲོན་ཤོག་ལག་བྲིས་མ་ཞིག་བསྐུར་པ་དང་། ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་ཡང་གནས་སྐབས་ཤིག་ལ་ངང་འཐེན་བྱས་པས། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་བའི་ཁོར་ཡུག་ཅིག་ཐོབ་ཡོད། སྔ་ལོ་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་བྱ་རྒྱུ་དང་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་སླར་གསོ་བྱ་དགོས་པའི་ལངས་ཕྱོགས་བཟུང་སྟེ། ཁོང་ལ་ལྷོ་ཀོ་རི་ཡའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་རེད།།

XS
SM
MD
LG