ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་གཞས་མ་ཞིག་གིས་རྒྱ་ནག་ཚོགས་ཆེན་སྟེང་འབོད་སྐུལ་བརྒྱབ་པ།
please wait

No media source currently available

0:00 0:03:06 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།བོད་རིགས་གཞས་མ་གྲགས་ཅན་ཞིག་གིས་རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཚོགས་ཆེན་སྟེང་བོད་རིགས་ཚང་མ་ཁ་བྲལ་རིང་ལུགས་སུ་མཐོང་བཞིན་པའི་སྣང་ཚུལ་དེ་མཚམས་འཇོག་བྱེད་དགོས་ཞེས་འབོད་སྐུལ་བརྒྱབ་ཡོད། རྒྱ་ནག་དམག་དཔུང་གི་འཁྲབ་སྟོན་སྡེ་ཚན་ནང་ལོ་ངོ་ཉི་ཤུ་ལྷག་གི་རིང་གཞས་མ་ཆགས་པའི་བོད་རིགས་འགོ་བ་རྒྱ་མོ་སྐྱིད་ཀྱིས་གཟའ་མིག་དམར་ཉིན་རྒྱ་ནག་དབུས་གཞུང་ལ་བོད་རིགས་ཚང་མ་ཁ་བྲལ་རིང་ལུགས་པར་ངོས་འཛིན་བྱེད་པའི་སྤྱོད་ལམ་དེ་མཚམས་འཇོག་བྱེད་དགོས་ཞེས་འབོད་སྐུལ་བརྒྱབ་པ་རེད་ཅེས་ཧོང་ཀོང་དུ་པར་སྐྲུན་བྱེད་པའི་དབྱིན་ཡིག་རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་ཚགས་པར་སྟེང་དུ་གནས་ཚུལ་བཀོད་འདུག འགོ་བ་རྒྱ་མོ་སྐྱིད་ནི་མདོ་སྨད་མགོ་ལོག་རྨ་ཆེན་ས་ཁུལ་དུ་སྐྱེས་ཤིང་། ཁྲིན་ཏུའུ་དམག་སྒར་ཟློས་གར་ཚོགས་པའི་འགན་འཛིན་གཞོན་པ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཞིག་ཡིན། གཞས་མ་འདི་ནི་ཐེངས་འདིར་བསྐྱར་དུ་རྒྱ་ནག་གི་ཆབ་སྲིད་གྲོལ་མོལ་ཚོགས་ཆེན་གྱི་འཐུས་མི་ཆགས་ཡོད་པ་རེད། རྒྱ་མོ་སྐྱིད་ལགས་ཀྱིས་རྒྱ་ནག་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་ཚོགས་ཆུང་ཞིག་གི་སྟེང་གཏམ་བཤད་བྱས་སྐབས། དབང་འཛིན་ལས་ཁུངས་ཁག་གིས་གྲངས་ཉུང་མི་རིགས་ཀྱི་སྡེ་ལ་གཏོགས་པ་ཚང་མར་དབྱེ་འབྱེད་བྱེད་པ་དེ་ནི་རྒྱལ་ཁབ་མཐུན་སྒྲིལ་གོང་བུ་གཅིག་སྒྲིལ་གཏོར་བརླག་གཏོང་བྱེད་ཅིག་རེད་ཅེས་བཤད་ཡོད། ལོ་ན་༥༤་ལ་སོན་པའི་གཞས་མ་འདི་ཡིས། ངས་བལྟས་ན་བོད་རིགས་སྤྱི་ཡོངས་ཁ་བྲལ་རིང་ལུགས་པར་ངོས་འཛིན་བྱེད་པ་ནི་ལག་བསྟར་བྱེད་མི་རུང་། དེ་ནི་བལྟས་ཚོད་ཀྱིས་གོང་རིམ་ནས་མར་བཀའ་ཕབ་སྟེ་ལག་བསྟར་བྱེད་པ་དང་འདྲ་ཞེས་བཤད་ཡོད། དེ་ཡང་ཕྱི་ལོ་༢༠༠༨་ཀྱི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་རྒྱ་ནག་ཏུ་བོད་རིགས་ཡོངས་ལ་དོགས་པ་དང་ཕྱོགས་མང་པོ་ནས་དམ་དྲག་བྱེད་བཞིན་པ་རེད། རྒྱ་མོ་སྐྱིད་ལགས་ཀྱིས་སོ་སོའི་ཉམས་མྱོང་སྟེང་བརྗོད་དོན་ལ། ཐེངས་ཤིག་ལ་ངས་འཁྲབ་སྟོན་རུ་ཁག་ཅིག་གི་སྣེ་ཁྲིད་དེ་པེ་ཅིང་དུ་འཁྲབ་སྟོན་བྱེད་དུ་ཡོང་སྐབས། འཁྲབ་སྟོན་པ་གཞན་ཚང་མར་མགྲོན་ཁང་དུ་སྡོད་ཁང་བཀོད་སྒྲིག་བྱས་པ་དང་། ང་ནི་བོད་པ་ཡིན་པའི་རྐྱེན་གྱིས་ང་གཅིག་པོ་མགྲོན་ཁང་གིས་གོ་སྒྲིག་མ་བྱས་པ་རེད་ཟེར། མོས་ད་རུང་རང་ཉིད་ནི་རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་དཔང་རྟགས་དང་། དམག་མི་ཡིན་པའི་འཛིན་ཡིག་བཅས་བསྟན་ནའང་མགྲོན་ཁང་གི་ལས་བྱེད་ཀྱིས་ང་ལ་ཁང་མིག་གོ་སྒྲིག་མ་བྱས་པས་གྲོགས་པོའི་ཁྱིམ་དུ་མི་སྡོད་ཐབས་མེད་བྱུང་ཞེས་བཤད་ཡོད། ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་ཚོགས་ཆུང་བགྲོ་གླེང་སྟེང་དུ་གཞས་མ་འདི་ཡིས་དོན་རྐྱེན་འདི་ནི་ང་གཅིག་པོའི་མགོ་ལ་བྱུང་བ་ཞིག་མ་ཡིན་པར་རྒྱ་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་པའི་བོད་རིགས་བློ་མཐུན་མང་པོ་ཞིག་གི་མགོ་ལའང་བྱུང་ཡོད་ཟེར། དེ་བཞིན་དུ་གཞས་མ་འདི་ཡིས་རྒྱ་ནག་ནང་ལོགས་དང་བསྡུར་ཚེ་མཐའ་ན་བོད་དང་ཞིན་ཅང་ས་ཁུལ་གྱི་དྲ་ལམ་ཀྱང་ཧ་ཅང་དལ་བོ་འདུག་ཅེས་འཁང་ར་བྱས་འདུག རྒྱ་ནག་གི་ད་ལོའི་ཆབ་སྲིད་གྲོས་མོལ་ཚོགས་ཆེན་དང་རྒྱ་ནག་གི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་བོད་ཆོལ་ཁ་གསུམ་ནས་སླེབས་པའི་བོད་རིགས་འཐུས་མི་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་དང་། ད་ལོའི་ཚོགས་ཆེན་སྟེང་དུ་བོད་རིགས་སྐུ་ཚབ་ཀྱིས་བོད་མི་དམངས་ཀྱི་ཁེ་ཕན་ཆེད་དུ་འདི་ལྟར་གཏམ་བཤད་གནང་མཁན་ཐོག་མ་དེ་ཆགས་ཡོད་པ་འདྲ།།

XS
SM
MD
LG