ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་རྩ་ཁྲིམས་བཅོས་སྒྱུར་ལ་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་རྒྱ་ནག་གི་རྩ་ཁྲིམས་ལ་བཅོས་སྒྱུར་གཏོང་རྒྱུའི་གྲོས་གཞི་བཏོན་ནས་རྩ་ཁྲིམས་ཀྱི་དོན་ཚན་༧༩་པའི་ནང་ཚན་གསུམ་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་ལས་ཡུན་དེ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྐབས་རེ་རེའི་ལས་ཡུན་དང་གཅིག་མཚུངས་ཡིན་དགོས་པ་དང་། ཀྲུའུ་ཞི་གཙོ་གཞོན་གཉིས་ཀྱི་ལས་ཡུན་དེ་དག་བསྟུན་མར་ཐེངས་གཉིས་ལས་བརྒལ་མི་ཆོག་ཅེས་འཁོད་ཡོད་པའི་དོན་ཚན་དེར་སྒྱུར་བཅོས་གཏོང་རྒྱུའི་གྲོས་གཞི་བཏོན་པར་རྒྱ་ནག་གི་མི་མང་པོས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་ན་གཞོན་ཚགས་པར་གྱི་ལེ་ཚན་གཙོ་སྒྲིག་པ་ཟུར་པ་ལི་ཏ་ཐུང་ཞེས་པ་ཞིག་གིས་ཁ་སང་སྤྱི་ཚེས་༢༦་ཉིན་པེ་ཅིང་གྲོང་ཁྱེར་གྱི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཞྰོས་ཐོ་དང་རཱིནམཱིན། དབྱང་ཡོན་ཆིན་སོགས་མི་འཐུས་མི་༥༥་ཙམ་ལ་དྲ་ལམ་གྱི་སྙན་ཞུ་ཞིག་ཕུལ་ཏེ་མ་འོངས་བའི་སྤྱི་ཟླ་༣་པར་འཚོགས་འཆར་ཡོད་པའི་རྒྱ་ནག་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཏུ་རྒྱ་ནག་གི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་སྲིད་འཛིན་གྱི་ལས་ཡུན་དུས་ཚོད་ངེས་མེད་དུ་བསྒྱུར་དགོས་པའི་གྲོས་གཞི་ལ་ངོ་རྒོལ་གྱི་འདེམས་ཤོག་འཕེན་དགོས་པའི་རེ་སྐུལ་ཞུས་འདུག སྙན་ཞུ་དེར་སྤྱི་ལོ་༡༩༨༢་ལོར་རྒྱ་ནག་གི་རྩ་ཁྲིམས་སུ་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་ལས་དུས་དེ་ཐེངས་གཉིས་ལས་བརྒལ་མི་ཆོག་པའི་ཐག་གཅོད་བྱས་ཏེ། རྒྱ་ནག་གུང་ཁྲན་ཏང་དང་རྒྱ་ནག་མི་དམངས་ཀྱིས་དུས་ཡུན་རིང་པོར་རིག་གསར་གྱི་དཀའ་སྡུག་མྱངས་པའི་ཉམས་མྱོང་ལ་བསྐྱར་ཞིབ་བྱས་ནས་ཆབ་སྲིད་སྒྱུར་བཅོས་ཀྱི་ཐག་གཅོད་དོན་སྙིང་ལྡན་པ་ཞིག་ཡིན། ཐག་གཅོད་དེས་མི་གཅིག་གི་སྲིད་དབང་སྒེར་གཅོད་བྱ་རྒྱུར་ཁྲིམས་ཀྱིས་ཚད་བཀག་ཡོད་པ་བཟོ་ཐུབ་ཡོད་ཅིང་། ད་ལྟ་ང་ཚོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་ལས་ཡུན་དེ་དག་དུས་ཚོད་ངེས་མེད་བཟོ་བཞིན་པ་འདིར་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཁག་གིས་ཁྲེལ་དགོད་བྱ་ངེས་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་ཁ་ཕྱོགས་ཀྱང་ཕྱིར་ལྡོག་བྱས་པ་ཞིག་ཡིན་པས་ལུགས་མཐུན་མིན་པའི་བཅོས་སྒྱུར་འདི་མ་འོངས་བར་རྒྱ་ནག་ལ་འཁྲུག་སློང་སྡེ་གཟར་བསྐྱར་ཏུ་འབྱུང་རྒྱུའི་ཕུང་རྐྱེན་ཞིག་ཏུ་འགྱུར་སྲིད། པེ་ཅིང་གི་འཐུས་མི་ཚོས་རྒྱ་ནག་མི་དམངས་ཀྱི་ཁེ་ཕན་ལ་དམིགས་ནས་རྒྱལ་ཁབ་ཡུན་གནས་བརྟན་ལྷིང་དང་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཡར་རྒྱས་འགྲོ་ཐབས་ཀྱིས་ང་ཚོའི་བསམ་ཚུལ་འདི་དག་ལ་བསམ་ཞིབ་ནན་པོ་བྱས་ནས་ངོ་རྒོལ་གྱི་འདེམས་ཤོག་འཕེན་རོགས་ཞེས་ནན་བརྗོད་བྱས་ཡོད་པ་རེད། གཞན་ཡང་རྒྱ་ནག་གི་ཁེ་ལས་གཉེར་མཁན་ཝང་དབྱིན་གྱིས་ཀྱང་ཡོངས་བསྒྲགས་ཀྱི་ཡི་གེ་ཞིག་སྤེལ་ནས་སྲིད་འཛིན་གྱི་ལས་དུས་ངེས་མེད་བཟོ་རྒྱུ་ནི་རྒྱ་ནག་མི་དམངས་ཀྱི་ལོ་ངོ་མང་པོའི་རིང་གི་ཕུགས་བསམ་དང་རྒྱབ་འགལ་ལ་སོང་ཡོད། ལོ་རྒྱུས་ཀྱི་ཁ་ཕྱོགས་ལམ་ལོག་ཏུ་འཁྲིད་བཞིན་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག ཁོ་མོའི་འགྲེམ་ཡིག་དེར་སྲིད་གཞུང་གི་གནོན་ཤུགས་འོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོས་ལེགས་ཉེས་ཅི་འབྱུང་ལ་མ་ལྟོས་པར་ཅི་ཡང་བསྒྲུབ་ཐུབ་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད། ཐ་ན་ཁྱོད་ཚོས་སྤྱི་མོས་ཀྱིས་ཐག་གཅོད་ཀྱང་བྱ་སྲིད། དེས་ན་ང་མི་དམངས་དཀྱུས་མ་ཞིག་གིས་བསམ་ཚུལ་ཅི་ཞིག་བཏོན་རུང་ཕན་ཐོགས་འབྱུང་མི་སྲིད་མོད། ཡིན་ནའང་ངས་བསམ་ཚུལ་འདི་ངེས་པར་དུ་བཤད་དགོས། ང་ལའང་སོ་སོ་མི་ཞིག་ཡིན་པའི་ཆ་ནས་གདོང་བསྟན་ཏེ་མུ་མཐུད་དུ་འཚོ་དགོས་པའི་བདེན་ལུགས་འདི་རང་གིས་རང་ལ་ངོ་སྤྲོད་བྱ་འདོད་བྱུང་སོང་ཞེས་བརྗོད་འདུག དེ་བཞིན་རྒྱ་ནག་གི་མིང་གྲགས་ཅན་གྱི་ཚན་རིག་པ་ལི་དབྱིན་ཧུས་ཀྱང་རང་གི་དྲ་ལམ་ཟིན་བྲིས་སུ་རྒྱ་ནག་གི་ཆབ་སྲིད་གནས་སྟངས་སླར་ཡང་མའོ་ཙེ་ཏུང་གི་དུས་སྐབས་སུ་ཕྱིར་ལྡོག་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་། ད་དུང་ཁོ་པས་རྒྱ་ནག་གི་འཐུས་མི་འདི་དག་ནི་དོན་དངོས་སུ་མི་དམངས་ཀྱིས་བདམས་ཐོན་བྱུང་བ་མིན་པས་མི་དམངས་ཀྱི་མངོན་འདོད་ལ་ཁ་ཡ་མི་བྱེད་པར་འགོ་ཁྲིད་ཀྱི་བཀའ་སྲུང་ཅི་སྒྲུབ་བྱས་ནས་འདེམས་ཤོག་འཕེན་གྱི་ཡོད་པས། ད་ཐེངས་ཀྱང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོས་སྤྱི་མོས་ཀྱིས་ཐག་གཅོད་བྱ་སྲིད་ཅེས་རྒྱ་ནག་གི་རྩ་ཁྲིམས་བཅོས་སྒྱུར་གྱི་གྲོས་གཞི་དེར་མི་མང་ཕོན་ཆེན་ཞིག་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG