ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་བྱང་ཀོར་ལ་དཔལ་འབྱོར་ཉེས་ཆད་འགེལ་འཆར།


ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་ཚོགས་པའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སྐབས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡག་ཏུ་སོང་བའི་རྣམ་པ་ཞིག་ཐོན་པ་དང་། ཐ་ན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་ཞུགས་ཏེ་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་རྗེས་སུའང་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་ཞེས་ཕྱོགས་གཉིས་ཀྱི་ལས་སྣེ་ཚོས་གྲོས་མོལ་བྱས་ཡོད་ཅིང་། ཨ་རིའི་སྲིད་གཞུང་གིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་ཞིག་བཙན་འགེལ་བྱ་རྒྱུའི་གསལ་བསྒྲགས་སྤེལ་འཆར་ཡོད། ཨ་མི་རི་ཀས་བྱང་ཀོ་རི་ཡར་རང་གི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་མེད་པར་གཏོང་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ པ་སྟེ། ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་བྱང་ཀོ་རི་ཡར་བཙན་འགེལ་བྱ་འཆར་ཡོད་པའི་དཔལ་འབྱོར་ཉེས་ཆད་དེ་དག་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན་ཞེས་བཤད་ཡོད་པ་ལས། མིང་འདོན་མ་བྱས་པའི་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་དེས་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་གང་འདྲ་ཞིག་འགེལ་འཆར་ཡོད་མེད་འགྲེལ་བཤད་ཞིབ་ཕྲ་ཞིག་བརྒྱབ་མེད་པ་རེད། བདུན་ཕྲག་གཉིས་ཀྱི་གོང་དེར་ཨ་རིའི་སྲིད་འཛིན་གཞོན་པ་ལྷོ་ཀོ་རི་ཡར་ཚོགས་པའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་ཕེབས་ཏེ། ཁོང་གིས་ཉི་ཧོང་གི་ས་ཐོག་ཏུ་བྱང་ཀོ་རི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་ཆེན་པོ་ཞིག་བཙན་འགེལ་བྱ་རྩིས་ཡོད་ཅེས་བརྡ་ཞིག་བཏང་ཞིང་། ད་ལྟ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་བུ་མོ་ཨི་ཝྭན་ཁ་ལྷོ་ཀོ་རི་ཡར་ཚོགས་པའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་མཇུག་བསྡུའི་མཛད་སྒོར་ཞུགས་ཀྱི་ཡོད་པའི་དུས་སུ་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་བཀག་ སྡོམ་གྱི་ཉེས་ཆད་གསལ་བསྒྲགས་བྱ་འཆར་ཡོད་པ་མ་ཟད། ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་མཇུག་བསྡུའི་མཛད་སྒོར་བྱང་ཀོ་རི་ཡའི་འགོ་ཁྲིད་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་ལ་ཐུག་འཕྲད་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་བུ་མོ་ཨི་ཝྭན་ཁ་ལ་གསོལ་སྟོན་བཤམས་ནས་སྣེ་ལན་གཟབ་རྒྱས་ཞུ་རྒྱུའི་གྲ་སྒྲིག་ཡོད་པའི་གནས་ཚུལ་སྤེལ་འདུག ན་ནིང་ཕྱི་ཟླ་༡༡་པ་ནས་བྱང་ཀོ་རི་ཡའི་གཞུང་གིས་ལྷོ་ཀོ་རི་ཡར་འབྲེལ་བ་ཡག་ཏུ་བཏང་ནས་ཕྱོགས་གཉིས་གྲོས་མོལ་བྱ་ཐུབ་པའི་རེ་བ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་སྔོན་ཆད་བྱང་ཀོ་རི་ཡའི་དམག་གི་གསང་བའི་ལས་ཁང་གི་འགོ་ཁྲིད་ཡིན་པས་༢༠༡༠་ལོར་ལྷོ་ཀོ་རི་ཡའི་མཚོ་དམག་གྲུ་གཟིངས་ཤིག་ལ་ལྐོག་ཏུ་གཏོར་རྒོལ་བྱས་ནས་མི་༤༦་ལ་སྲོག་སྐྱོན་ཕོག་ཅིང་། ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་གིས་ཀིམ་ཡུང་ཆོལ་གཏོར་རྒོལ་ དེའི་ཇུས་འགོད་པ་ཡིན་པ་དང་བྱང་ཀོ་རི་ཡའི་དམག་གི་གསང་བའི་ལས་ཁང་གིས་ལྷོ་ཀོ་རི་ཡའི་དམག་གྲུ་དེར་གཏོར་རྒོལ་བྱས་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་མོད། འོན་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་ལྷོ་ཀོ་རི་ཡའི་དམག་གྲུ་དེར་གཏོར་རྒོལ་བྱས་པ་ངོས་ལེན་བྱས་མེད། ཀིམ་ཡུང་ཆོལ་ལྷོ་ཀོ་རི་ཡར་ཚོགས་པའི་ཨོ་ལིམ་ཕིམ་རྩེད་རིགས་འགྲན་སྡུར་གྱི་མཇུག་བསྡུའི་མཛད་སྒོར་ཞུགས་ཀྱི་ཡོད་པར་ལྷོ་ཀོ་རི་ཡའི་མི་མང་ཁག་ཅིག་གིས་ངོ་རྒོལ་བྱེད་ཀྱི་ཡོད་པས། གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་གཞུང་གིས་ཀིམ་ཡུང་ཆོལ་ལྷོ་ཀོ་རི་ཡར་ཡོང་ཆོག་པའི་ཐག་གཅོད་བྱས་པ་ཡིན། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱ་ཐུབ་རྒྱུ་དང་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་ཞི་བདེ་བསྐྲུན་པའི་ཆེད་དུ་ལྷོ་ཀོ་རི་ཡའི་མི་དམངས་ཀྱིས་བསམ་ཤེས་བྱ་ཐུབ་པའི་རེ་བ་ཡོད་ཅེས་འབོད་སྐུལ་ཞུས་འདུག དཔེར་ན་ལྷོ་ཀོ་རི་ཡའི་གཅིག་གྱུར་བློན་ཆེན་གྱིས་ང་ཚོ་དུས་སྐབས་ཛ་དྲག་ཅིག་གི་འོག་ཏུ་ཚུད་ཡོད། ང་ཚོས་སྔོན་གྱི་འདས་དོན་ལ་ཞེ་འཁོན་བཅངས་ནས་ཀོ་རི་ཡའི་གླིང་ཟུར་འདིར་ཞི་བདེ་ བསྐྲུན་རྒྱུའི་གོ་སྐབས་ལ་འགོག་རྐྱེན་རྒྱག་མི་ཉན། ལྷོ་བྱང་ཀོ་རི་ཡའི་ནང་ཁུལ་གྱི་གྲོས་མོལ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་དགོས་པའི་ཐག་གཅོད་བྱས་པ་ཡིན། དེར་བརྟེན་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོང་ཆོག་པ་དང་ཁོ་པར་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་འོས་ཤིང་འཚམས་པ་ཞིག་ཡིན་པའི་ཐག་གཅོད་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེང་སྐབས་ཀིམ་ཡུང་ཆོལ་གྱིས་བྱང་ཀོ་ཡའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་ཀྱི་ལས་འགན་ཁུར་ཡོད་པ་དང་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་གིས་སྲིད་འཛིན་མུན་ཅེ་དབྱིན་ལ་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་དགོས་ཚེ། ཀིམ་ཡུང་ཆོལ་ལ་ཐུག་འཕྲད་གྲོས་མོལ་དང་བག་ཆགས་ཡག་པོ་ཞིག་འཇོག་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་སྙན་སེང་ཞུས་པའི་གནས་ཚུལ་ཐོན་འདུག ༢༠༡༠་ལོར་འདས་གྲོངས་སུ་གྱུར་པའི་ལྷོ་ཀོ་རི་ཡའི་མཚོ་དམག་༤༦་གི་ཕ་མ་སྤུན་མཆེད་སོགས་དང་ཕྱོགས་འགལ་གུ་ཡངས་ཚོགས་པའི་ གྲོས་ཚོགས་འཐུས་མི། ལྷོ་ཀོ་རི་ཡའི་དམངས་ཁག་ཅིག་གིས་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་བཀག་འགོག་བྱ་དགོས། ཁོ་པ་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོང་མི་ཆོག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་བྱ་རྒྱུ་ཡིན། ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ཁས་ལེན་དམ་བཅའ་བཞག་ནས་སྲིད་འཛིན་ལ་འདེམས་ཐོན་བྱུང་ཡོད་པ་རེད།།

XS
SM
MD
LG