ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལྷ་ལྡན་གཙུག་ལག་ཁང་གི་མེ་སྐྱོན་དང་རྒྱ་ནག་གི་དོགས་ཟོན།


བོད་ཀྱི་ལོ་གསར་ཚེས་པ་༢་ཏེ། སྤྱི་ཟླ་༢་ཚེས་༡༧་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་བའི་གནས་ཚུལ་དང་བརྙན་པར་རྣམས་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་པའི་རྗེས་སུ་ཡིག་ཕྲེང་བཞི་ཙམ་ལས་མེད་པའི་རྒྱ་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ། ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་ཡང་མིའི་ཚེ་སྲོག་ལ་གནོད་འཚེ་ཕོག་མེད་ཅེས་འགྲེལ་བཤད་བརྒྱབ་པ་ཙམ་ལས། མེ་སྐྱོན་འབྱུང་དོན་དང་མེ་སྐྱོན་འབྱུང་ས་ཏག་ཏག་ཕྱོགས་གང་ལ་ཁེལ་ཡོད་མེད་སོགས་ཁ་གསལ་གྱི་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད། རྒྱ་ནག་གཞུང་གིས་ཁ་སང་ནས་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་བའི་གནས་ཚུལ་སྤེལ་ཟིན་རུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་སུ་ལྷ་སའི་ཇོ་ཁང་ལ་མེ་སྐྱོན་རྩ་བ་ནས་བྱུང་མེད་ཅེས་གནས་ཚུལ་མ་འདྲ་བ་ཞིག་སྤེལ་པ་ཧོང་ཀོང་གི་གསར་འགྱུར་ལས་ཁང་མང་པོ་ཞིག་གིས་ལུང་འདྲེན་བྱས་ཡོད་པས་བོད་པ་མང་པོ་ཞིག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་སྤེལ་ཕྱོགས་ལ་སྐྱོན་བརྗོད་བྱས་འདུག ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་དེ་ཉིད་ཇོ་སྐུ་ཡིན་པས་བོད་པའི་ངག་རྒྱུན་དུ་གཙུག་ལག་ཁང་ཧྲིལ་བོར་ཇོ་ཁང་ཞེས་འབོད་སྲོལ་ཡོད་ཅིང་། གཙུག་ལག་ཁང་གི་ཇོ་སྐུ་དང་དེ་མིན་གྱི་སྐུ་གསུང་ཐུགས་རྟེན། ལྷ་མོའི་མགོན་ཁང་དང་རྒྱལ་བ་བྱམས་པའི་སྐུ་བརྙན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་སོགས་རྩ་ཆེའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཞིག་ཡོད་པ་མ་ཟད། ཁ་སང་གཙུག་ལག་ཁང་ལ་མེ་སྐྱོན་ཆེན་པོ་བྱུང་བ་བརྙན་པར་མང་པོ་ཞིག་གིས་བདེན་དཔང་བྱེད་ཐུབ་པས་མེ་སྐྱོན་ཆུང་ཆུང་ཞིག་མིན་པ་ར་འཕྲོད། མེར་འཚིག་གི་དུས་ཡུན་ཡང་གང་འཚམ་ཞིག་འགོར་ནས་གཙུག་ལག་ཁང་གི་རྒྱ་ཕིབས་སྟེང་གི་མེ་ལྕེ་མཐོང་མཁན་ཚོས་ངུ་ངག་འདྲེས་མས་དཀོན་མཆོག་མཁྱེན་དང་། ཡང་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ཞེས་སྨོན་ལམ་འདེབས་བཞིན་པའང་ཐོས་ཐུབ། ད་ལྟ་གཙུག་ལག་ཁང་གི་རིག་དངོས་ལ་གནོད་སྐྱོན་ཅི་ཙམ་ཕོག་ཡོད་མེད་གསང་བ་ལྐོག་གྱུར་གྱི་གནས་སུ་ཡོད་ཅིང་། ཇོ་བོ་ཤཀྱ་མུ་ནེའི་སྐུ་བརྙན་གཙོས་ལྷ་ལྡན་གཙུག་ལག་ཁང་གི་སྐུ་གསུང་ཐུགས་རྟེན་བྱིན་ཅན་གཞན་ཁག་དང་རིག་དངོས་བཅས་ལ་གནོད་སྐྱོན་ཅི་ཙམ་ཐེབས་ཡོད་མེད་བཤད་ཚོད་དཀའ་བའི་གནས་སུ་གྱུར་འདུག བོད་པ་ཚོས་ཡོངས་གྲགས་སུ་གཙུག་ལག་ཁང་ལ་ཇོ་ཁང་ཞེས་འབོད་སྲོལ་ཡོད་ཀྱང་རྒྱ་སྐད་དུ་ཏ་ཀྲའོ་སི་ཞེས་འབོད་པས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ཁག་ཏུ་ཏ་ཀྲའོ་སི་ལ་མེ་སྐྱོན་བྱུང་བ་ངོས་ལེན་བྱེད་ཀྱི་ཡོད་པ་རེད། ལྷ་ལྡན་གཙུག་ལག་ཁང་ནི་བོད་པ་ཚོའི་སེམས་ཀྱི་དད་པ་དང་བོད་པ་ཚོས་རང་གི་ལོ་རྒྱུས་ལ་འཛིན་པའི་བསམ་བློའི་འདུ་ཤེས། བོད་ཀྱི་སྤྱི་ཚོགས་དཔལ་ཡོན་བཅས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ཞིང་། སྤྱི་ལོ་༢༠༠༠་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཆེན་རིག་དངོས་ཤུལ་བཞག་སྲུང་སྐྱོབ་ཁོངས་སུ་ལྷ་ལྡན་གཙུག་ལག་ཁང་བཀོད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG