ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཀོར་སྲིད་འཛིན་དང་ཨོ་ལིམ་ཕིཀ་རྩེད་འགྲན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ལྷོ་ཀོ་རི་ཡར་འཚོག་བཞིན་ཡོད་པའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་བྱང་ཀོ་རི་ཡ་མཉམ་ཞུགས་བྱས་པ་དང་། ལྷག་པར་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱས་ཏེ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཀིམ་ཡོ་ཇུང་ལ་གསོལ་སྟོན་བཤམས་པ་མ་ཟད། ཀིམ་ཡོ་ཇུང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་ཞེས་མགྲོན་འབོད་བྱས་པའི་མགྲོན་ཤོག་ཅིག་ཕུལ་ཏེ། སྲིད་འཛིན་མུ་ཅེ་དབྱིན་གྱིས་ལྷོ་བྱང་ཀོ་རི་ཡའི་ཛ་དྲག་ཞི་འཇམ་སོང་བ་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་ཞི་བའི་གྲོས་མོལ་བྱ་ཐུབ་པ། ཕྱོགས་གང་ཐད་དུ་དུས་ཚོད་འོས་འཚམས་ཤིག་བྱུང་ན་བྱང་ཀོ་རི་ཡར་འཚམས་གཟིགས་སུ་ཡོང་ཆོག་ཅེས་ལན་འདེབས་བྱས་ཡོད་ཅིང་། སྲིད་དོན་ཉམས་ཞིབ་པ་ཚོས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱས་ནས་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་རྒྱུ་ཡིན་མིན་བཤད་དཀའ། སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་ཁས་ལེན་དམ་བཅའ་བྱས་ནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད། ༢༠༡༨་འདིར་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་བཞིན་པ་དེར་བྱང་ཀོ་རི་ཡ་མཉམ་ཞུགས་བྱེད་དུ་བཅུག་པ་ནི་ཉེན་ཚབས་ཅན་གྱི་སྲིད་ཇུས་ཤིག་ཡིན། གཅིག་བྱས་ན་ད་ལོའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་རྗེས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡག་ཏུ་སོང་སྟེ་སྲིད་འཛིན་མུན་ཅེ་དབྱིན་གྱི་སྲིད་ཇུས་དེར་གྲུབ་འབྲས་བཟང་པོ་ཞིག་འཐོན་སྲིད། གཅིག་བྱས་ན་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་རྗེས་སུ་བྱང་ཀོ་རི་ཡས་སླར་ཡང་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ནས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་བསྐྱར་དུ་དམག་འཁྲུག་གི་ཛ་དྲག་འབྱུང་སྲིད། དེ་ལྟར་བྱུང་ན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡག་ཏུ་གཏོང་རྒྱུའི་སྲིད་ཇུས་ཤིག་བཟུང་བ་རྩིས་ལོག་ཐེབས་པ་ཞིག་དང་། ཁོང་གིས་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འདིར་བྱང་ཀོ་རི་ཡ་མཉམ་ཞུགས་བྱེད་དུ་འཇུག་ཐུབ་པའི་འབད་བརྩོན་བྱས་པ་དོན་མེད་དུ་འགྱུར་སྲིད། ད་དུང་ཨ་མི་རི་ཀས་བྱང་ཀོ་རི་ཡར་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་དགོས་ཞེས་ལྷོ་ཀོ་རི་ཡར་ནན་བརྗོད་བྱས་ཀྱང་སྲིད་འཛིན་མུན་ཅེ་དབྱིན་གྱིས་དེ་ལ་རྒྱབ་འགལ་བྱས་པར་དགེ་མཚན་མེད་པར་གྱུར་རེད་ཅེས་བཤད་འདུག ལྷོ་ཀོ་རི་ཡའི་མི་མང་ཁག་ཅིག་གིས་སྲིད་འཛིན་མུན་ཅེ་དབྱིན་གྱི་སྲིད་ཇུས་དེར་ངོ་རྒོལ་བྱེད་ཀྱིན་ཡོད་པ་དང་། དཔེར་ན་ལྷོ་བྱང་ཀོ་རི་ཡའི་བུད་མེད་ཀྱི་འཁྱག་སྟེང་ཧོ་ཀི་རུ་ཁག་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་གཞན་གྱི་རུ་ཁག་ལ་འགྲན་སྡུར་བྱས་པར་ངོ་རྒོལ་བྱས་ཡོད། མི་ཁག་ཅིག་གིས་སྲིད་འཛིན་མུན་ཅེ་དབྱིན་དམར་ཤོག་པ་རེད་ཅེས་སྐྱོན་བརྗོད་བྱས་ཀྱང་སྲིད་འཛིན་མུན་ཅེ་དབྱིན་གྱི་ལོ་རྒྱུས་འབྲི་མཁན་ཏཱེ་ཀི་སུ་ཡིས་ལྟ་ཚུལ་ཐ་དད་ཅིག་བཤད་ཡོད་ཡོད་པ་སྟེ། སྲིད་འཛིན་མུན་ཅེ་དབྱིན་གྱི་ཕ་མ་གཉིས་བྱང་ཀོ་རི་ཡ་ནས་བྲོས་བྱོལ་དུ་ཡོང་བ་དང་། ཁོང་གིས་བྱང་ཀོ་རི་ཡའི་མི་མང་ལ་འགྲོ་བ་མི་ལྟར་འདུ་ཤེས་འཆང་ཡོད་པར་དགེ་མཚན་ཡོད། སྐབས་འགར་ལྷོ་ཀོ་རི་ཡའི་སྲིད་དོན་པ་ཚོས་བྱང་ཀོ་རི་ཡའི་མི་མང་རྣམས་འགྲོ་བ་མི་ལ་མི་བརྩི་བའི་ནོར་འཁྲུལ་འབྱུང་གི་ཡོད་ཅེས་བཤད་པ་དང་། སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡག་ཏུ་གཏོང་བའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པར་ཨ་མི་རི་ཀ་དང་ཉི་ཧོང་གཉིས་མོས་མཐུན་མེད་རུང་ཨ་རིའི་གཞུང་དང་ཉི་ཧོང་གཞུང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱི་སྲིད་ཇུས་དེར་ཡོངས་གྲགས་དང་རྣམ་འགྱུར་མངོན་གསལ་དོད་པོ་བསྟན་ནས་སྐྱོན་བརྗོད་བྱས་མེད་པ་རེད།།

XS
SM
MD
LG