ངོ་འཕྲད་བདེ་བའི་དྲ་འབྲེལ།

མར་སེ་ཌི་སི་བཟོ་ཚོང་ཁང་ལ་མུ་མཐུད་དུ་སྐྱོན་བརྗོད།
please wait

No media source currently available

0:00 0:02:55 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་འཇར་མན་ཎིའི་སྐད་གྲགས་ཅན་གྱི་མར་སེ་ཌི་སི་རླངས་འཁོར་བཟོ་ཚོང་ཁང་གིས་རླངས་འཁོར་དེའི་ཁྱབ་བསྒྲགས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཚན་པ་ཞིག་བཀོད་པ་དང་། རྒྱ་ནག་གིས་མར་སེ་ཌི་སི་རླངས་འཁོར་བཟོ་ཚོང་ཁང་གིས་རང་གི་དྲིལ་བསྒྲགས་ནང་དུ་ཏཱ་ལའི་བླ་མའི་སྐད་ཆ་ལུང་འདྲེན་བྱས་ནས་རྒྱ་ནག་མི་དམངས་ལ་ཕོག་ཐུག་ཆེན་པོ་བཏང་སོང་། མར་སི་ཌི་སི་རླངས་འཁོར་བཟོ་ཚོང་ཁང་གིས་རྒྱ་ནག་ལ་བཟོད་གསོལ་ཞུ་དགོས་ཞེས་གནོན་ཤུགས་ཐེངས་འགའ་ཞིག་སྤྲད་དེ། མར་སེ་ཌི་སི་རླངས་འཁོར་བཟོ་ཚོང་ཁང་གིས་རང་གི་དྲིལ་བསྒྲགས་ཁོངས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་ཚན་པ་དེ་ཕྱིར་བསྡུ་བྱས་ནས་རྒྱ་ནག་ལ་བཟོད་གསོལ་ཞུས་ཡོད་པས། དེང་སྐབས་འཇར་མན་ཎི་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་མར་སེ་ཌི་སི་རླངས་འཁོར་བཟོ་ཚོང་གི་བྱ་སྤྱོད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༢་པའི་ཚེས་༡༣་ཉིན་འཇར་མན་ཚགས་པར་གྱི་དཔལ་འབྱོར་ཆེད་རྩོམ་ས་མིག་དེར་རྩོམ་ཡིག་ཅིག་བཀོད་ནས་འཇར་མན་ཎིའི་མར་སེ་ཌི་སི་རླངས་འཁོར་བཟོ་ཚོང་ཁང་ནི་༧གོང་ས་ཏཱ་ལའི་བླ་མའི་ལེགས་བཤད་རྣམས་ཉེན་ཀ་ཅན་ཞིག་ལ་ངོས་འཛིན་མཁན་དང་རྒྱ་ནག་གི་རིག་གནས་དང་རིན་ཐང་གི་ལྟ་ཚུལ་ལ་བསམ་ཤེས་བྱེད་མཁན་ཞིག་ཡིན་པ་མ་ཟད། སྒེར་གྱི་ཁེ་ཕན་ལ་ཐུག་ན་མི་སེམས་འདྲེ་རུ་འགྱུར་ཞེས་ཟེར་སྲོལ་ཡོད་པའི་སྐད་ཆ་འདིར་དོ་སྣ་བྱ་འོས་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། འཇར་མན་ཎིའི་བཟོ་ཚོང་ཁང་འདིས་ཚོང་གི་ཁེ་ཕན་ཆེད་དུ་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་རིན་ཐང་གི་ལྟ་ཚུལ་སྐྱོན་ཅན་ཞིག་ཏུ་ངོས་འཛིན་བྱེད་རྐྱང་བྱས་པ་རེད་ཅེས་ཡི་མ་རང་བའི་ཟུར་ཟ་ཡང་བྱས་འདུག ཐེངས་འདིར་འཇར་མན་ཎིའི་མར་སེ་ཌི་སི་རླངས་འཁོར་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་དང་རྒྱ་ནག་གི་ཡན་ལག་འགན་འཛིན་གཉིས་ཀྱིས་འཇར་མན་ཎིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པར་ང་ཚོས་༧གོང་ས་ཏཱ་ལའི་བླ་མའི་གསུང་ཞིག་ཁྱབ་བསྒྲགས་སུ་བཀོད་པ་ནོར་འཁྲུལ་ཡིན་པ་དང་། ནོར་འཁྲུལ་འདི་ལ་བརྟེན་ནས་རྒྱ་ནག་མི་དམངས་ལ་ཕོག་ཐུག་བཏང་བར་འགྱོད་སེམས་ཆེན་པོ་ཡོད་ཅེས་བཟོད་གསོལ་ཞུས་སོང་ཞེས་ཞིན་ཧྭ་གསར་ཁང་ལས་ཁང་གིས་བརྒྱུད་སྤེལ་བྱས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་འཇར་མན་ཎིའི་བཟོ་ཚོང་ལས་ཁང་དེས་རང་ལ་ནོར་འཁྲུལ་བྱུང་བ་ངོས་ཟིན་ནས་ནོར་འཁྲུལ་ལ་ཡོ་བསྲང་བྱས་པ་ནི་ཡང་དག་པའི་ལག་བསྟར་ཞིག་གམ། ཡང་ན་བྱ་བ་གང་ཞིག་བསྒྲུབ་པའི་རྩ་བའི་རྩ་དོན་གྱི་ཆ་རྐྱེན་རེད་ཅེས་ལན་འདེབས་བྱས་ཡོད་པ་རེད། སྤྱིར་གནས་ཚུལ་འདིའི་འབྱུང་སྟངས་ནི་རྒྱ་ནག་གིས་བཀག་སྡོམ་བྱས་ཡོད་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཨིན་སི་ཊི་གྷེ་རམ་ནང་དུ་མར་སེ་ཌི་སི་རླངས་འཁོར་དཀར་པོ་ཞིག་མཚོ་འགྲམ་དུ་བཞག་ཡོད་པ་དེའི་སྟེང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་སྟངས་འདྲ་མིན་ལ་ལྟ་སྟངས་མི་འདྲ་བའི་སྒོ་ནས་བལྟ་ཐུབ་ན་ཁྱེད་ཀྱི་མཐོང་རྒྱ་བསྐྱེད་པར་འགྱུར་ཞེས་གསུངས་པ་ཞིག་ཁྱབ་བསྒྲགས་སུ་བཀོད་པར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ནས་གནས་ཚུལ་ཆེ་རུ་བཏང་སྟེ། མར་སི་ཌི་སི་རླངས་འཁོར་བཟོ་ཚོང་ཁང་གིས་ཁྱབ་བསྒྲགས་དེས་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་དོ་ཕོག་བཏང་ཡོད། རྒྱ་ནག་མི་དམངས་ཀྱི་སེམས་ལ་ཕོག་ཐུག་བཏང་སོང་ཞེས་བཤད་ཀྱི་ཡོད་མོད། ཡིན་ནའང་འཇར་མན་ཎིའི་བཟོ་ཚོང་ཁང་གིས་རང་གི་ཁྱབ་བསྒྲགས་འགོད་སའི་བརྒྱུད་ལམ་ཁག་རྒྱ་ནག་ཏུ་ཡོངས་གྲགས་སུ་མཐོང་ཐོས་མི་ཐུབ། རྒྱ་ནག་གཞུང་གིས་རྐང་བཙུགས་ནས་ཁྱབ་བསྒྲགས་འདི་ཆབ་སྲིད་ལ་བསྒྱུར་ནས་རྙོག་དྲ་བསླངས་པ་ཞིག་རེད་ཅེས་འགྲེལ་བརྒྱབ་འདུག ཡིན་ནའང་རྒྱལ་སྤྱིའི་ཐོག་ཏུ་འཇར་མན་ཎིའི་གསར་འགྱུར་ལས་ཁང་ཁག་གིས་མར་སེ་ཌི་སི་རླངས་འཁོར་བཟོ་ཚོང་ཁང་འདིར་མཚོན་ན་རྒྱ་ནག་ནི་མར་སེ་ཌི་སི་རླངས་འཁོར་བཙོང་ས་ཁྲོམ་ར་གཙོ་བོ་ཞིག་ཡིན་པས་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་པ་པ་དང་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་རང་གི་བླ་སྲོག་བཙོངས་ནས་བཟང་སྤྱོད་ཀྱི་རྩ་དོན་དང་ལངས་ཕྱོགས་རྣམས་དོར་པ་རེད། མར་སེ་ཌི་སི་རླངས་འཁོར་བཟོ་ཚོང་ཁང་གིས་རྒྱ་ནག་ལ་བསྟུན་དྲགས་ན་དུས་ནམ་ཞིག་རྒྱ་ནག་ཏུ་ཡོད་པའི་འཇར་མན་ཎིའི་བཟོ་ཚོང་ཁང་ཁག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་སྡེ་ཚན་ཞིག་འཛུགས་མི་སྲིད་པའི་ངེས་པ་མེད་ཅེས་སྐྱོན་བརྗོད་རིམ་པ་ཞིག་འབྱུང་གི་ཡོད་པ་རེད།།

XS
SM
MD
LG