ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཏ་ལི་བན་གྱི་དམག་སྒར་ཞིག་ལ་གཏོར་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨབ་གྷ་ཎི་སི་ཐན་ལ་འགྲེམ་འཇོག་བྱས་ཡོད་པའི་ཨ་མི་རི་ཀའི་དམག་གིས་ཨབ་གྷ་ཎི་སི་ཐན་གྱི་བྷ་དྷག་ཤཱན་ཞིང་ཆེན་གྱི་ཏ་ལི་བན་དྲག་སྤྱོད་ཤོག་ཁག་གི་དམག་སྒར་ཞིག་ལ་གཏོར་རྒོལ་བྱས་པ་དང་། དམག་སྒར་དེར་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པའི་འཐབ་མོ་བའམ། ཡང་ན་ཞིན་ཅང་གི་ཡུ་གུར་པའི་དྲག་སྤྱོད་པ་ཚོར་དམག་སྦྱོང་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེང་སྐབས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་གཏེར་ཁ་སྔོན་འདོན་གྱི་ལས་གྲྭ་གཉེར་ནས་ཏ་ལི་བན་དྲག་སྤྱོད་ཤོག་གིས་རྒྱ་ནག་གི་གཏེར་ཁ་སྔོན་འདོན་གྱི་ལས་གྲྭ་ཁག་ལ་གཏོར་རྒོལ་བྱེད་ཀྱི་ཡོད་ཅིང་། ཁ་སང་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་གནམ་དམག་གིས་ཨབ་གྷ་ཎི་སི་ཐན་དང་ཏ་ཇིཀ་སི་ཐན། ཞིན་ཅང་བཅས་ཀྱི་མཐའ་མཚམས་སུ་ཆགས་པའི་ཏ་ལི་བན་ཤོག་ཁག་གི་དམག་སྒར་ཞིག་ལ་གཏོར་རྒོལ་བྱས་པར་རྒྱ་ནག་ དགའ་ཚོར་བྱུང་ཡོད་ཤས་ཆེ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པའི་སྒྲིག་འཛུགས་དེ་ཉིད་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱ་དགོས་ཟེར་གྱི་ཡོད་མོད། འོན་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ཟེར་པ་ཞིག་དངོས་སུ་མཛུ་གུ་འཛུགས་ས་རྙེད་དཀའ། རྒྱ་ནག་གཞུང་གིས་ཡུ་གུར་པའི་རང་བཙན་འཐབ་རྩོད་འཇིགས་སྐུལ་རིང་ལུགས་པའི་ངོ་བོ་ཞིག་ལ་བསྒྱུར་ཐབས་སུ་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ཞེས་སྐྱོན་འཛུགས་བྱེད་ཀྱིན་འདུག་ཅེས་བཤད་ཡོད། ཕྱི་ཟླ་༢་ཚེས་༩་ཉིན་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གིས་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཁ་བྷུལ་གྲོང་ཁྱེར་ནས་གནས་ཚུལ་སྤེལ་པ་ལྟར་ན་བྷ་དྷཀ་ཤཱན་ཞིང་ཆེན་གྱི་དམག་སྒར་དེར་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པའི་དྲག་སྤྱོད་པ་རྣམས་ཡོད་པའི་གནས་ཚུལ་སྤེལ་པ་དང་། ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཏ་ལི་བན་ཤོག་ཁག་གི་དམག་སྒར་དེར་གཏོར་རྒོལ་ཇི་ལྟར་བྱས་ཡོད་མེད་དང་མི་ཅི་ཙམ་ལ་འཆི་རྨས་ཀྱི་གནོད་འཚེ་ཕོག་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ཕྱིར་བསྒྲགས་བྱས་མེད་ཅིང་། ༢༠༠༢་ནས་རྒྱ་ནག་གི་ནང་ཁུལ་དུ་གཏོར་རྒོལ་རིམ་པ་ཞིག་བྱུང་བ་དེའི་རྒྱབ་ལོགས་སུ་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ཡོད་པ་མ་ཟད། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཀིར་ཀི་སི་ཐན་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་ལ་འབར་མདེལ་གྱིས་གཏོར་རྒོལ་བྱ་རྒྱུའི་ངན་ཇུས་བཤམས་པ་དེའི་རྒྱབ་ཏུའང་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ཡོད་པའི་སྐྱོན་འཛུགས་ཕོག་ཡོད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཞིག་གིས་དྲག་སྤྱོད་པ་དེ་རྣམས་རྒྱ་ནག་ལ་ཉེན་ཀ་ཞིག་ཡིན་པ་དང་ཏ་ལི་བན་ཤོག་ཁག་གིས་དྲག་སྤྱོད་པ་དེ་དག་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཅེས་བཤད་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀའི་གནམ་དམག་གིས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པའི་དམག་སྒར་ཞིག་ལ་གཏོར་རྒོལ་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་མེད། ཡིན་ནའང་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ཟེར་པའི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་དེར་གཏོར་རྒོལ་བྱ་རྒྱུ་རྒྱ་ནག་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན། འཇིགས་སྐུལ་རིང་ལུགས་ལ་གཏོར་རྒོལ་བྱ་རྒྱུ་འཛམ་གླིང་རྒྱལ་ཁབ་ཡོད་དོ་ཅོག་གི་ལས་འགན་ཞིག་ཀྱང་ཡིན་ཞེས་བཤད་ཡོད ༢༠༡༦་ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཏོན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོར་རྒྱ་ནག་གི་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་འགྲེལ་བཤད་ཁ་གསལ་མེད་པ་དང་། ཁོ་ཚོས་ཚོགས་པ་གང་ཞིག་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་སྒྲུབ་བྱེད་ཡང་དག་བཀོད་མི་འདུག འཇིགས་སྐུལ་རིང་ལུགས་ལས་ཀྱང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཨ་མི་རི་ཀར་ཉེན་ཀ་ཆེ་ཆེ་བ་འདུག་ཅེས་སྙན་ཐོ་བཏོན་ནས་རྒྱ་ནག་ལ་ཕོག་ཐུག་ཆེན་པོ་སོང་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་གསང་བའི་ལས་ཁང་ཁག་ཅིག་གིས་རྒྱ་ནག་ལ་འཇིགས་སྐུལ་རིང་ལུགས་ཀྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱ་འདོད་མེད། དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་ཁ་གཡར་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པའི་སྟབས་ཀྱིས་ཡིན། རྒྱ་ནག་གཞུང་གིས་ཨབ་གྷ་ཎི་སི་ཐན་ལ་ཞི་བདེ་བརྟན་ལྷིང་མེད་པར་འཇིགས་སྐུལ་རིང་ལུགས་པའི་རྩ་བ་བརྟན་པོ་ཚུགས་ཐུབ་ཚེ། ཨབ་གྷ་ཎི་སི་ཐན་ནས་ཞིན་ཅང་ལ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད་པ་དང་། ཉེ་བའི་ལོ་ཤས་ནས་ཞིན་ཅང་ལ་ཟིང་འཁྲུག་ལངས་ནས་མི་བརྒྱ་ཕྲག་མང་པོ་སྲོག་སྐྱོན་ཕོག་སྟེ། རྒྱ་ནག་གཞུང་གིས་ཡུ་གུར་པའི་འཇིགས་སྐུལ་རིང་ལུགས་པ་ཚོས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་གྱིན་ཡོད་ཅེས་སྐྱོན་འཛུགས་བྱས་ཀྱང་ཞིན་ཅང་གི་ཡུ་གུར་པ་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཡུ་གུར་པ་ཚོ་འུ་ཐུག་ཡོད། ཁོ་ཚོས་དྲག་ཟིང་མ་བསླངས་ཐབས་མེད་དུ་གྱུར་ཡོད་ཅེས་རྒྱ་ནག་གཞུང་ལ་དགག་པ་བརྒྱབ་ཡོད་པ་རེད།།

XS
SM
MD
LG