ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་བྱང་ཀོར་གྱིས་གྲོས་མོལ་བྱ་འཆར་མེད་པ།
please wait

No media source currently available

0:00 0:03:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་སྲིད་འཛིན་གཞོན་པ་མེཀ་པེན་སི་ལྷོ་ཀོ་རི་ཡར་ཕེབས་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། ཁོང་གིས་བྱང་ཀོ་རི་ཡ་འཛམ་གླིང་གི་ཆེས་གདུག་རྩུབ་ཆེ་བའི་གཏུམ་དྲག་ཅན་གྱི་སྲིད་གཞུང་ཞིག་ཡིན་ཞིང་། ལྷོ་ཀོ་རི་ཡར་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཚོགས་པའི་སྐབས་འདིར་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་བྱང་ཀོ་རི་ཡའི་སྐུ་ཚབ་ཚོར་གྲོས་མོལ་བྱ་འཆར་མེད་ཅེས་གཏམ་བཤད་བྱས་པ་ཡོད། སང་ཉིན་གཟའ་པ་སངས་ཀྱི་ཕྱི་དྲོར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་སྟེ། ལོ་ན་༢༨་ལ་སོན་པའི་ཀིམ་ཡོ་ཇུང་སྒེར་གྱི་གནམ་གྲུའི་ནང་དུ་ལྷོ་ཀོ་རི་ཡར་འཚོགས་ཀྱི་ཡོད་པའི་རྒྱལ་སྤྱིའི་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱེད་ཀྱི་ཡོད་པ་མ་ཟད། གཟའ་སྤེན་པའི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་དང་སྐུ་འཁོར། བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་དང་རྒྱལ་ཁབ་དེའི་གཙོ་འཛིན་གྱི་མཚན་གནས་འཛིན་པ་ཀིམ་ཡུང་ནམ་སོགས་ལ་ཉིན་གུང་གི་གསོལ་སྟོན་བཤམ་གྱི་ཡོད་པ་དང་། ཕྱི་ཟླ་༢་ཚེས་༧་ནས་བྱང་ཀོ་རི་ཡའི་རྩེད་འགྲན་པ་ཚོར་དགའ་བསུ་ཞུ་མཁན་རུ་ཁག་ཆེན་པོ་ཞིག་ལྷོ་ཀོ་རི་ཡར་འབྱོར་ཟིན་ཡོད་པ་རེད། བྱང་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཇོ་ཡུང་སམ་གྱིས་ང་ཚོས་ཨ་མི་རི་ཀར་གྲོས་མོལ་བྱ་དགོས་ཞེས་ནམ་ཡང་ཞུ་བ་འཐེན་མྱོང་མེད། མ་འོངས་པར་ཡང་ཞུ་བ་འཐེན་མི་སྲིད། ང་ལྷོ་ཀོ་རི་ཡར་བསྡད་པའི་རིང་དེར་ཨ་མི་རི་ཀའི་སྐུ་ཚབ་ཁག་ལ་ཐུག་འཕྲད་བྱ་འདོད་མེད། ང་ཚོའི་སྐུ་ཚབ་ཚོགས་པ་ཞིག་ལྷོ་ཀོ་རི་ཡར་ཡོང་དགོས་པའི་དམིགས་ཡུལ་འབའ་ཞིག་ནི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འདི་ཕུན་སུམ་ཚོགས་པ་ཞིག་འཁྱོངས་ཐུབ་པའི་ཆེད་དུ་ཡིན་ཞེས་བཤད་པ་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་འདུག ཨ་མི་རི་ཀའི་གཞུང་གིས་བྱང་ཀོ་རི་ཡའི་སྐུ་ཚབ་ཚོར་ཐུག་འཕྲད་གྲོས་མོལ་བྱ་དགོས་ཞེས་གྲོས་གཞི་བཏོན་མེད་རུང་སྲིད་འཛིན་གཞོན་པས་ལྷོ་ཀོ་རི་ཡའི་གཞུང་གིས་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་བརྒྱུད་ནས་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པ་དང་། ཨ་མི་རི་ཀས་མགྱོགས་མྱུར་བྱང་ཀོ་རི་ཡར་སྔོན་ཆད་བྱུང་མྱོང་མེད་པའི་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་ཁག་ཅིག་བཙན་འགེལ་བྱ་དགོས་པའི་འཆར་གཞི་ཕྱིར་བསྒྲགས་བྱ་འཆར་ཡོད། ཨ་མི་རི་ཀས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ལ་བསྒྱུར་དགོས་པའི་ལངས་ཕྱོགས་ཤིག་བཟུང་ཡོད་པར་འགྱུར་བ་མེད། ང་ཚོས་རང་གི་རྩ་དོན་འདི་བློས་མ་བཏང་བར་བྱང་ཀོ་རི་ཡར་འབྲེལ་བ་བྱ་མི་ཆོག་པ་ཞིག་མིན་ཞེས་སྒོ་མོ་ཡོངས་སུ་བརྒྱབ་མེད་ཅིང་། ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡར་འབྲེལ་བ་རྒྱ་སྐྱེད་གཏོང་རྒྱུའི་འཆར་གཞི་ཡོད་པ་སྟེ། དཔེར་ན་ལྷོ་ཀོ་རི་ཡའི་ཡུལ་སྐོར་སྤྲོ་འཆམ་པའི་བདེ་འཇགས་ལ་འགན་ལེན་ཐུབ་པ་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་གྲོས་མོལ་བྱ་རྒྱུའི་ཆ་རྐྱེན་འགྲུབ་ཚེ། ལྷོ་ཀོ་རི་ཡའི་གཞུང་གིས་སླར་ཡང་བྱང་ཀོ་རི་ཡའི་སྤྲོ་གསེང་ས་གནས་ཀུམ་སྒང་རི་བོར་ལྷོ་ཀོ་རི་ཡའི་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུའི་གྲོས་མོལ་བྱ་ཆོག་ཅེས་བཤད་འདུག ༢༠༠༨་ལོར་བྱང་ཀོ་རི་ཡའི་མཐའ་མཚམས་སྲུང་དམག་ཅིག་གིས་མེ་མདའ་བརྒྱབ་ནས་ལྷོ་ཀོ་རི་ཡའི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་བསད་པ་ནས་བཟུང་། ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡའི་ཀུམ་སྒང་རི་བོར་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུ་མཚམས་བཞག་པ་དང་། བྱང་ཀོ་རི་ཡར་ཡུལ་སྐོར་སྤྲོ་འཆམ་པའི་ཡོང་འབབ་ཆེན་པོ་ཞིག་མེད་པར་གྱུར་ཡོད། ལོ་ཤས་གོང་དེར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་མཉམ་དུ་གཉེར་པའི་ས་མཚམས་ཀྱི་ཁེ་སོང་བཟོ་ལས་ཁང་ཡང་སྒོ་བརྒྱབ་སྟེ། དེང་སྐབས་བྱང་ཀོ་རི་ཡར་རྒྱལ་སྤྱིའི་ཐོག་ཏུ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ནས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད། འདི་ཙམ་ན་དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ལྷོ་བྱང་ཀོ་རི་ཡ་གཉིས་གཅིག་པུ་མིན་པར་ང་ཚོ་ཕྱོགས་ཁག་ཚང་མས་ཤུགས་སྣོན་རྒྱག་དགོས། ང་ཚོས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀས་ཐད་ཀར་གྲོས་མོལ་བྱ་ཐུབ་པའི་འབད་བརྩོན་བྱ་དགོས་ཞེས་བཤད་པ་དང་། ༡༩༥༠་ཐམ་པ་དང་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་ལ་ཞི་བའི་ཆིངས་ཡིག་བཞག་ནས་དངོས་སུ་མཚམས་བཅད་མེད་པས་ལྷོ་བྱང་ཀོ་རི་ཡ་གཉིས་དུས་དང་རྣམ་པ་ཀུན་ཏུ་དམག་འཁྲུག་རྒྱག་ཆོག་ཆོག་ཡིན་པ་དང་། ད་དུང་ཡང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་ཁྲི་ཚོ་༢་དང་སྟོང་༨་ལྷག་བཞག་ནས་ལྷོ་ཀོ་རི་ཡར་སྲུང་སྐྱོབ་བྱེད་བཞིན་ཡོད། བྱང་ཀོ་རི་ཡའི་གཞུང་གིས་ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་དམག་རྣམས་ལྷོ་ཀོ་རི་ཡ་ནས་མཐར་སྐྲོད་གཏོང་དགོས། ང་ཚོའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་གྱི་དམིགས་འབེན་གཙོ་བོ་ཨ་མི་རི་ཀ་ཡིན། བྱང་ཀོ་རི་ཡའི་དམག་གིས་ཨ་མི་རི་ཀ་མེ་ཕུང་དཀྱིལ་དུ་ཐལ་བའི་རྡུལ་དུ་བརླག་རྒྱུ་ཡིན་ཞེས་རྟག་ཏུ་སྡིགས་ར་བསྐུལ་གྱིན་ཡོད་པ་རེད།།

XS
SM
MD
LG