ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་སུ་བླ་རུང་སྒར་གླེང་སློང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་རིའི་གྲོས་ཚོགས་འོག་མའི་ཊོམ་ལན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་གླེང་སློང་བྱས་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཇིམ་མེཀ་གྷ་ཝྭེན་གྱིས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ལ་དམ་དྲག་ནན་པོ་བྱེད་ཀྱིན་ཡོད་པ་སྙན་གསེང་ཞུས་པ་དང་། ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་བླ་རུང་ཆོས་སྒར་ལ་དམ་དྲག་བྱེད་ཀྱིན་ཡོད་པ་དགོན་པ་དང་ཆོས་སྡེ་བྱེ་བྲག་པ་ཞིག་ལ་དམ་དྲག་བྱས་ནས་ཁང་པ་གཏོར་བཤིག་བཏང་བ་ཞིག་མིན། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་རིག་གཞུང་གི་སྲོག་རྩ་ལྟ་བུར་གྱུར་པའི་བོད་བརྒྱུད་ནང་བསྟན་རིག་གཞུང་གི་རྩ་བ་ཁག་རྩ་མེད་གཏོང་གིན་ཡོད་ཅིང་། དེང་སྐབས་བླ་རུང་ཆོས་སྒར་ནི་བོད་ནང་ལོགས་སུ་ནང་བསྟན་རིག་གནས་སློབ་གཉེར་བྱ་ཡུལ་ཆེ་ཤོས་སུ་གྱུར་ཡོད་ཅེས་གཏམ་བཤད་བྱས་འདུག རྒྱ་ནག་གཞུང་གིས་དཔར་འགྲེམ་བྱས་པའི་ཡིག་ཆ་ཞིག་ལ་འཁོད་པ་ལྟར་ན་བླ་རུང་ཆོས་སྒར་གྱི་འཛིན་སྐྱོང་དང་དཔལ་འབྱོར། བདེ་འཇགས་དང་གྲྭ་བཙུན་ཆོས་ཞུགས། ཐ་ན་བསླབ་པ་སློབ་གཉེར་གྱི་དཔེ་དེབ་ཁག་ཀྱང་སྲིད་གཞུང་གི་ལས་བྱེད་པ་ཚོས་ཐག་གཅོད་བྱས་ནས་གཏན་འབེབས་བྱེད་བཞིན་འདུག འདི་ནི་ན་ནིང་རྒྱ་ནག་གཞུང་གིས་བླ་རུང་ཆོས་སྒར་གྱི་གྲྭ་ཤག་བརྒྱ་ཕྲག་མང་པོ་གཏོར་བཤིག་བཏང་ནས་གྲྭ་བཙུན་སྟོང་ཕྲག་འགའ་ཞིག་མཐར་སྐྲོད་བཏང་བའི་རྗེས་སུ་བྱུང་ཡོད། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་འཁོད་པའི་ཆོས་ལུགས་ཁག་གི་ཆོས་དད་རང་དབང་ལ་སྲུང་སྐྱོབ་ཡོད་ཅེས་དྲིལ་བསྒྲགས་བྱས་ཀྱང་རྫུན་གཏམ་འབའ་ཞིག་ཡིན། སྲིད་གཞུང་གི་ཆོས་དད་མེད་པའི་ལས་བྱེད་པ་ཁྱིམ་པ་རྣམས་ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་གི་འཛིན་སྐྱོང་བ་དང་འགོ་ཁྲིད་ལ་བསྐོ་བཞག་བྱེད་ཀྱི་ཡོད་པ་ཆོས་དད་རང་དབང་མིན་ཞེས་གྲོས་ཚོགས་འཐུས་མི་ཁོང་གིས་ནན་བརྗོད་བྱས་ཡོད་པ་རེད།། ཨ་རིའི་གྲོས་ཚོགས་འཐུས་མི་མེཀ་གྷ་ཝྭེན་གྱིས་མུ་མཐུད་དུ་བཤད་པ་ལྟར་ན་གྲྭ་བཙུན་ཆོས་ཞུགས་པ་ཚོར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དགོས་པ་དང་གྲྭ་བཙུན་གྱིས་སློབ་གཉེར་ཅི་ཞིག་བྱ་དགོས་མིན་སྲིད་གཞུང་གིས་ཐག་གཅོད་བྱ་དགོས་པ། གྲྭ་བཙུན་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་གོང་བཀུར་བྱ་དགོས་པ་རྣམས་ཆོས་དད་རང་དབང་མིན། གལ་སྲིད་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་ལ་སྲིད་ཇུས་ནན་པོ་ཞིག་ལག་ལེན་མ་བསྟར་ཚེ། ཨ་རིའི་གྲོས་ཚོགས་ཀྱིས་ངེས་པར་དུ་རྒྱ་ནག་གཞུང་ལ་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཏང་ན་མཇུག་འབྲས་ངན་པ་ཞིག་མྱོང་དགོས་པའི་ཉེན་བརྡ་གཏོང་དགོས་ཞེས་བཤད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པར་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཞིག་རེག་པ་དེར་འཁོད་པ་ལྟར་ན་༢༠༡༧་ལོར་རྒྱ་ནག་གཞུང་གིས་བླ་རུང་ཆོས་སྒར་ལ་ཁྱིམ་པ་ལས་བྱེད་པ་༢༠༠་ལྷག་བཏང་ནས་དགོན་པའི་འཛིན་སྐྱོང་དང་དཔལ་འབྱོར། ལྟ་རྟོག་དང་གྲྭ་བཙུན་ཆོས་ཞུགས་ཀྱི་ལས་དོན་ཁག་ལ་ཐེ་གཏོགས་བྱས་ཏེ། བླ་རུང་ཆོས་སྒར་གྱི་མཁན་པོ་དང་བླ་མ། ཆོས་སྡེ་དེའི་སྲོལ་རྒྱུན་གྱི་ལས་སྣེ་ཁག་ལ་དབང་ཚད་མེད་པར་བཏང་ཡོད་པའི་སྙན་ཐོ་བཏོན་ཡོད་པ་རེད།།

XS
SM
MD
LG