ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

དཔོན་རིགས་དང་ཇག་ཚོགས་ངན་འབྲེལ་ལ་རྡུང་རྡེག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཞིས་ཅིན་ཕིང་གིས་རྒྱ་ནག་རྒྱལ་ཡོངས་སུ་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་ལ་རྒོལ་རྡུང་། རྒྱ་ནག་གི་དཔོན་རིགས་ཁག་དང་གསང་བའི་ཇག་ཚོགས་ཁག་ངན་འབྲེལ་བྱས་ནས་ཚོང་ལས་གཉེར་ནས་གཞི་རིམ་སྤྱི་ཚོགས་སུ་ལྐོག་ཟ་དང་ཁྲིམས་འགལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པར་རྡུང་རྡེག་གཏོང་བའི་ལས་འགུལ་ཞིག་འགོ་བཙུགས་ཡོད་ཅིང་། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ། དཔོན་རིགས་དང་ཇག་ཚོགས་ངན་འབྲེལ་གྱིས་གུང་ཁྲན་ཏང་གི་སྲིད་དབང་ཉམས་ཉེས་གཏོང་རྒྱུའི་ཉེན་ཀ་ཡོད་ཅེས་ཉེན་བརྡ་ནན་པོ་བཏང་བ་ཡོད་པ་སྟེ། བདུན་ཕྲག་གཉིས་ཀྱི་གོང་དེར་རྒྱ་ནག་གི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མཐོ་རིམ་འགོ་ཁྲིད་ཚོ་གསང་བའི་ཚོགས་འདུ་འཚོགས་ཡོད་པ་དང་། སྲིད་འཛིན་ཞིས་ཅིན་ཕིང་གིས་སྐབས་དེའི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་དཔོན་རིགས་ཁག་དང་གསང་བའི་ཇག་ཚོགས་རྣམས་ངན་འབྲེལ་བྱེད་ཀྱི་ཡོད་པ་ཚབས་ཆེན་ཞིག་ལ་འགྱུར་བཞིན་འདུག ད་ལྟ་རྒྱ་ནག་གི་དཔོན་རིགས་ཁག་ལ་ཇག་ཚོགས་ཀྱིས་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་ཞིག་ཀྱང་དར་གྱི་ཡོད་ཅིང་། གལ་སྲིད་རྒྱ་ནག་གི་དཔོན་རིགས་ཁག་དང་གསང་བའི་ཇག་ཚོགས་རྣམས་ངན་འབྲེལ་བྱས་ནས་ཚོང་ལས་གཉེར་ན་གུང་ཁྲན་ཏང་གི་སྲིད་དབང་ཉམས་ཉེས་གཏོང་རྒྱུ་ཉག་ཅིག་རེད་ཅེས་ཉེན་བརྡ་བཏང་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༢༦་ཉིན་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན་སྲིད་འཛིན་ཞིས་ཅིན་ཕིང་གིས་མགོ་བརྩམས་པའི་ལས་འགུལ་འདིར་གཞུང་གི་མཐོ་རིམ་སྒྲིག་འཛུགས་༣༠་ཙམ་འབྲེལ་བ་ཡོད། ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་མི་དམངས་རྣམས་གུང་ཁྲན་ཏང་ལ་ཡིད་ཆེས་མེད་པ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པ་འགོག་ཐབས་བྱ་རྒྱུ་དང་རྒྱ་ནག་གི་གྲོང་གསེབ་ཁག་དང་གཞི་རིམ་གྱི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ནས་མི་དམངས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པ་སེལ་ཐབས་བྱ་རྒྱུ། སྲིད་འཛིན་ཞིས་ཅིན་ཕིང་གིས་༢༠༢༠་མི་འགྱངས་པར་རྒྱ་ནག་གི་གྲོང་གསེབ་ཁག་དབུལ་ཕོངས་ཀྱི་གནས་ནས་གྲོལ་ཐུབ་པའི་དམིགས་འབེན་འཆང་ཡོད་པ་མངོན་དུ་འགྱུར་ཐབས་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཡིན་ཞེས་གསར་འགྱུར་སྤེལ་མོད། འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་གང་སར་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་དར་ཁྱབ་ཕྱིན་ནས་ཞིས་ཅིན་ཕིང་གི་སྲིད་ཇུས་དེར་གྲུབ་འབྲས་ཐོན་དུ་འཇུག་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར་ཡོད་པ་རེད། འདས་པའི་ལོ་ཤས་གོང་དུ་རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་པའོ་ཤི་ལེས་ལྐོག་ཟ་དང་ཁྲིམས་འགལ། གྲོང་ཁྱེར་དེའི་མཐོ་རིམ་དཔོན་རིགས་ཁག་དང་ཇག་ཚོགས་ཁག་ངན་འབྲེལ་བྱས་ནས་མི་མང་ལ་གཉའ་གནོན་བྱེད་ཀྱི་ཡོད་པར་རྡུང་རྡེག་བཏང་སྟེ། པའོ་ཤི་ལེའི་ལས་འགུལ་དེར་ཁྲུང་ཆིང་གྲོང་ཁྱེར་གྱི་མི་མང་གིས་དགའ་བསུ་ཞུས་ཀྱང་རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་དང་ཚོང་པ་འབྱོར་ལྡན་པ། ལྷག་པར་དུ་ཁྲུང་ཆིང་གྲོང་ཁྱེར་གྱི་གསང་བའི་ཇག་ཚོགས་ལྟ་བུའི་ཚོང་ལས་ཁག་ལ་དོ་ཕོག་ཆེན་པོ་སོང་ཡོད། མཐར་པའོ་ཤི་ལེར་ཆབ་སྲིད་ཀྱི་རྡུང་རྡེག་ཕོག་ནས་ལྐོག་ཟ་དང་ཁྲིམས་འགལ། དབང་ཆ་དང་གོ་གནས་བེད་སྤྱོད་ལོག་པར་བཏང་བའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་མ་ཟད། ཞིས་ཅིན་ཕིང་གིས་རང་གི་ཆབ་སྲིད་ཀྱི་ཁ་གཏད་པ་རྣམས་རྩ་མེད་གཏོང་བར་པའོ་ཤི་ལེའི་རྒྱབ་སྐྱོར་པ་གཙོ་བོ་སྟེ། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཀྲུག་ཡུང་ཁང་ལའང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད། རྒྱ་ནག་གི་ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ལས་འགུལ་ཁྲོད་དུ་ནག་ཉེས་མེད་པ་དང་ཆབ་སྲིད་ཀྱི་ཁ་གཏད་པ་མང་པོ་ཞིག་རྩ་མེད་བཏང་སོང་ཞེས་སྐྱོན་བརྗོད་བྱས་ཤིང་། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ལོ་འདིའི་རྒོལ་རྡུང་གི་དམིགས་འབེན་འཛིན་ས་འཁྲིག་སྤྱོད་ཀྱི་གློག་བརྙན་དང་རྒྱན་འཛུགས། དུད་ནག་ཉོ་ཚོང་དང་གཡོ་ཁྲམ་གྱི་ཚོང་ལས། མི་བཙན་ཁྲིད་བྱེད་པ་དང་སྐྱེ་བོ་ནག་ཚོང་རྒྱག་པ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མི་ལ་བུ་ལོན་བསྐྱིས་ནས་སྐྱེད་ཚད་མེད་ལེན་པ་དང་བུ་ལོན་སྤྲོད་འཇལ་མི་ཐུབ་པའི་མི་རྣམས་བཙན་ཉར་བྱས་པའམ། ཡང་ན་མི་དེའི་ཁང་པ་དང་རྒྱུ་དངོས་རྣམས་བཙན་འཕྲོག་བྱས་ཀྱང་རྒྱ་ནག་གི་ས་གནས་ཁག་གི་འགོ་ཁྲིད་ཚོས་ཚོང་ལས་དེའི་རིགས་ལ་ཁྲིམས་མཐུན་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་དགོས། རྒྱ་ནག་གི་གཞི་རིམ་མང་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ་གྱི་འབྱུང་རྩ་ཞིག་གསང་བའི་ཇག་ཚོགས་ལྟ་བུའི་ཚོང་ལས་ཁག་དང་དཔོན་རིགས་ཁག་ངན་འབྲེལ་བྱས་ནས་ཚོང་ལས་གཉེར་གྱི་ཡོད་པར་ཐུག་ཡོད། གསང་བའི་ཇག་ཚོགས་ཁག་གིས་གཉེར་བཞིན་པའི་ཚོང་ལས་རྣམས་ཁྲིམས་མཐུན་གྱི་བཟོ་ཚོང་ལས་ཁུངས་ཁག་གི་མིང་ཐོག་ཏུ་དེབ་སྐྱེལ་བྱས་ཡོད་པས། ད་ལོའི་ཕྱི་ཟླ་༣་པར་འཚོགས་འཆར་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་ལ་ཚོང་ལས་ཀྱི་བཅའ་ཁྲིམས་གསར་པ་ཁག་ཅིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོན་ཡོད་པའི་གནས་ཚུལ་སྤེལ་འདུག ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་གཏོར་རྒོལ་བྱེད་པའི་ལས་འགུལ་འདི་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་ཡིན། དེ་ནི་སྲིད་འཛིན་ཞིས་ཅིན་ཕིང་གིས་སྲིད་དབང་སྲ་བརྟན་གཏོང་རྒྱུ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གཏོང་རྒྱུའི་ཐབས་ཇུས་ཤིག་ཡིན། ལས་འགུལ་འདིར་ཕུགས་རྒྱང་རིང་པོར་གྲུབ་འབྲས་ཤིག་ཐོན་རྒྱུ་ཡིན་མིན་ངེས་གཏན་མེད། རྒྱ་ནག་ལ་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་དར་སྤེལ་གཏོང་དགོས། ཇི་སྲིད་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་གུང་ཁྲན་ཏང་གི་དབང་སྒྱུར་འོག་ཏུ་འགྲོ་དགོས་ཚེ། དེ་སྲིད་དུ་རྒྱ་ནག་གི་ལྐོག་ཟ་དང་ཁྲིམས་འགལ། དཔོན་ཁག་དང་གསང་བའི་ཇག་ཚོགས་རྣམས་ངན་འབྲེལ་བྱེད་བཞིན་ཡོད་པ་རྣམས་འགོག་ཐབས་མེད། དེང་སྐབས་རྒྱ་ནག་ལ་གང་ཟག་གིས་དབང་སྒྱུར་བྱེད་པའི་ལམ་ལུགས་ཤིག་དར་ཡོད་པ་ལས་ཁྲིམས་ཀྱིས་དབང་སྒྱུར་བྱེད་པའི་ལམ་ལུགས་ཤིག་དར་མེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG