ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལྷོ་བྱང་ཀོ་རི་ཡའི་མཉམ་འབྲེལ་རུ་ཁག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ལྷོ་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་གྲོས་མོལ་བྱས་པའི་རྗེས་སུ་གནས་སྐབས་རིང་ཀོ་རི་ཡའི་གླིང་ཟུར་གྱི་དམག་འཁྲུག་གི་ཛ་དྲག་ཡོད་པ་ཞི་འཇམ་སོང་སྟེ། ཟླ་བ་རྗེས་མའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོའི་ཐོག་ཏུ་ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་རྣམས་རུ་ཁག་གཅིག་ལ་རུ་སྒྲིག་བྱ་རྒྱུ་དང་། ད་དུང་ལྷོ་བྱང་ཀོ་རི་ཡའི་བུད་མེད་ཀྱི་འཁྱག་སྟེང་ཧོ་ཀི་རུ་ཁག་མཉམ་འབྲེལ་བྱས་ནས་འགྲན་སྡུར་ལ་ཞུགས་རྒྱུའི་གྲོས་མཐུན་བྱུང་ཞིང་། སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡག་ཏུ་གཏོང་རྒྱུ་དང་ལྷོ་བྱང་ཀོ་རི་ཡའི་ནང་མོལ་སླར་གསོ་འབྱུང་ཐབས་ཀྱི་སྲིད་ཇུས་ཤིག་བཟུང་ཡོད་པར་གྲུབ་འབྲས་ཐོན་གྱི་ཡོད་པའི་རྣམ་པ་ཞིག་མངོན། ཡིན་ནའང་ལྷོ་ཀོ་རི་ཡའི་སྤྱི་ཚོགས་སུ་ལྷོ་བྱང་ཀོ་རི་ཡའི་བུད་མེད་ཀྱི་འཁྱག་སྟེང་ཧོ་ཀི་རུ་ཁག་མཉམ་འབྲེལ་བྱ་རྒྱུར་མོས་མཐུན་མེད་པ་དང་ལྷོ་ཀོ་རི་ཡའི་མི་རབས་གསར་པ་ཚོར་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་དགོས་པའི་བསམ་བློ་མེད་པའི་རྣམ་པ་གཞན་ཞིག་ཀྱང་མངོན་ཡོད་པ་རེད། ཟླ་བ་རྗེས་མའི་ཚེས་༩་ཉིན་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ཀྱི་ཡོད་པ་དེའི་སྐབས་སུ་བྱང་ཀོ་རི་ཡའི་རྩེད་འགྲན་པ་ཚོར་རྒྱབ་སྐྱོར་དང་དགའ་བསུ་ཞུ་མཁན་མི་༢༣༠་ཐམ་པ་གཏོང་རྒྱུ་དང་། ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་རྣམས་ཀོ་རི་ཡ་གཅིག་གྱུར་གྱི་དར་ཆ་གཅིག་གི་འོག་ཏུ་རུ་སྒྲིག་བྱ་རྒྱུ། ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་རྣམས་ཀྱི་རྒྱབ་སྐྱོར་པ་ཚོ་མཉམ་དུ་བསྡད་ནས་ཕྱོགས་གཉིས་ཀྱི་རྩེད་འགྲན་པ་ཚོར་རྒྱབ་སྐྱོར་དང་དགའ་བསུ་འདྲ་མཚུངས་ཞུ་དགོས་པའི་གྲོས་མཐུན་བྱུང་འདུག དེར་བརྟེན་ལྷོ་ཀོ་རི་ཡའི་མི་དམངས་ཀྱི་ཁྲོད་དུ་བདུན་ཕྲག་འགའ་ཞིག་གི་གོང་དུ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ཏེ་ཕན་ཚུན་མེ་ཤུགས་འཕུར་མདེལ་དང་མེ་སྒྱོགས་རྒྱག་གྲབས་བྱས་པའི་ཛ་དྲག་བྱུང་ཡོད། ད་ལྟ་བདུན་ཕྲག་འགའ་ཞིག་གི་རྗེས་སུ་ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་རྣམས་རུ་ཁག་གཅིག་ལ་རུ་སྒྲིག་བྱ་རྒྱུ་དང་ལྷོ་བྱང་ཀོ་རི་ཡའི་རྩེད་འགྲན་པ་ཚོར་རྒྱབ་སྐྱོར་དང་དགའ་བསུ་ཞུ་མཁན་རྣམས་མཉམ་དུ་བསྡད་ནས་དགའ་བསུ་ཞུ་དགོས་ཟེར་པ་ཧ་ཅང་གི་ཁྱད་མཚར་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ལྷོ་ཀོ་རི་ཡའི་ཉམས་ཞིབ་པ་ཁག་ཅིག་དང་ཉི་ཧོང་། རྒྱལ་སྤྱིའི་ཉམས་ཞིབ་པ་ཁག་ཅིག་གིས་བྱང་ཀོ་རི་ཡ་ཟླ་བ་རྗེས་མའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱ་རྒྱུའི་མོས་མཐུན་བྱས་པ་ནི་ཀིམ་ཇུང་ཨུན་ལ་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་ཞི་བདེ་བསྐྲུན་འདོད་ཡོད་པ་དང་ལྷོ་བྱང་ཀོ་རི་ཡ་གཉིས་གཅིག་གྱུར་བྱ་འདོད་པ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་མེད་པར་གཏོང་འདོད་ཡོད་པ་ཞིག་མིན། བྱང་ཀོ་རི་ཡའི་མེ་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་བར་དུས་ཚོད་དགོས་པ་འཐོབ་ཐབས་ཤིག་དང་། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་བར་དུས་ཚོད་ལེན་ཐབས་ཤིག་རེད་ཅེས་ཉེན་བརྡ་བཏང་འདུག ཁ་སང་གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཟླ་བ་རྗེས་མའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་བྱང་ཀོ་རི་ཡ་ནས་མི་༥༥༠་ཐམ་པའི་སྐུ་ཚབ་ཚོགས་པ་ཤིག་ཡོང་གི་ཡོད། ཁོ་ཚོའི་གྲས་སུ་བྱང་ཀོ་རི་ཡའི་རྩེད་འགྲན་པ་དང་ཟློས་གར་ཚོགས་པ། གླུ་གཞས་རུ་ཁག་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག བྱང་ཀོ་རི་ཡའི་གསར་འགོད་པ་དང་རྩེད་འགྲན་པའི་རྒྱབ་སྐྱོར་པ་བཅས་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད། ༡༩༩༡་ལོར་ལྷོ་བྱང་ཀོ་རི་ཡ་གཉིས་མཉམ་འབྲེལ་བྱས་ནས་རྒྱལ་སྤྱིའི་རྐང་རྩེད་ལྒང་ལི་དང་ཕིང་ཕང་རྩེད་མོའི་འགྲན་སྡུར་ལ་ཞུགས། ༢༠༠༦་གི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སྐབས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་རུ་ཁག་གཅིག་ལ་མཉམ་དུ་རུ་སྒྲིག་བྱས་ཏེ་༩༡་དང་༢༠༠༦་སོ་སོར་རྒྱལ་སྤྱིའི་ཐོག་ཏུ་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡག་ཏུ་འགྲོ་རྒྱུའི་རེ་བ་འཆང་རུང་། རྒྱལ་སྤྱིའི་རྩེད་འགྲན་དེ་དག་མཇུག་བསྒྲིལ་པའི་རྗེས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་སླར་ཡང་དགྲ་ཁ་གཏད་དུ་གྱུར་པ་དང་། ཐ་ན་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ནས་ཛ་དྲག་རིམ་པ་ཞིག་བྱུང་ཡོད་པས། ཟླ་བ་རྗེས་མའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་བརྒྱུད་ནས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡག་ཏུ་གཏོང་ཐུབ་པའི་ལྟ་ཚུལ་འཛིན་མཁན་དང་། ད་ལོའི་རྩེད་འགྲན་རྗེས་སུའང་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་སྔར་བཞིན་སྡུག་ཏུ་འགྲོ་སྲིད་པའི་ལྟ་ཚུལ་འཛིན་མཁན་གཉིས་ཀ་ཡོང་གི་ཡོད་པ་རེད།།

XS
SM
MD
LG