ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་སྲིད་འཛིན་དབྱིན་ཡུལ་ལ་ཕེབས་རྒྱུ་ཕྱིར་འཐེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཐོག་མའི་འཆར་གཞི་ལྟར་ན་ཟླ་བ་རྗེས་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དབྱིན་ཡུལ་ལ་འཚམས་འདྲིར་ཕེབས་འཆར་ཡོད་ཀྱང་ཕྱི་ཚེས་༡༡་གི་ཕྱི་དྲོར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ང་དབྱིན་ཡུལ་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་གསར་པའི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་མིན། སྲིད་འཛིན་ཨོ་བྷ་མའི་དུས་སུ་ཨ་མི་རི་ཀའི་གཞུང་ཚབ་ཁང་རྙིང་པ་བཙོངས་པ་དང་ཨ་རིའི་གཞུང་ཚབ་ཁང་ས་གནས་གཞན་ཞིག་ལ་སྤོར་དགོས་པའི་ཐག་གཅོད་བྱས་པར་ང་མོས་མཐུན་མེད་ཅེས་ཁྱབ་བསྒྲགས་བྱས་འདུག སྤྱིར་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་མི་རི་ཀ་དང་དབྱིན་ཇི་གཉིས་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ཚུགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་གི་ལས་དོན་ཆེ་ཕྲ་གང་འདྲ་ཞིག་གི་སྐབས་སུའང་ཨ་མི་རི་ཀ་དང་དབྱིན་ཇི་གཉིས་ཀྱིས་ལངས་ཕྱོགས་གཅིག་གྱུར་བཟུང་སྟེ། ཨ་མི་རི་ཀས་དབྱིན་ཡུལ་ལ་རྒྱབ་སྐྱོར་དང་དབྱིན་ཡུལ་ཨ་མི་རི་ཀའི་རྒྱབ་རྩར་ཀ་བ་ལྟར་ལངས་ཡོད། ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨི་སི་རལ་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་ཇེ་རུ་ས་ལམ་གྲོང་ཁྱེར་ལ་གནས་སྤོར་བྱ་རྒྱུའི་ཐག་གཅོད་བྱས་པ་དང་། དབྱིན་ཇིའི་སྲིད་བློན་ཊེ་རི་སི་མེས་ཨ་མི་རི་ཀའི་སྲིད་ཇུས་དེར་སྐྱོན་བརྗོད་བྱས་པས་ཌོ་ནལ་ཊོམ་གྱིས་དབྱིན་ཇིའི་སྲིད་བློན་ལ་ཁྱོད་ཀྱིས་རང་གི་རྒྱལ་ནང་དུ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་འབྱུང་གི་ཡོད་པ་འགོག་ཐབས་བྱོས་ཞེས་གཏམ་ལན་པ་སློག་ནས་བཟུང་། དབྱིན་ཇི་དང་ཨ་མི་རི་ཀའི་འབྲེལ་བ་ཇེ་སྡུག་ཏུ་སོང་ཡོད། གཟའ་ཕུར་བུའི་ཕྱི་དྲོར་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་གཞུང་ཚབ་རྙིང་པའི་ས་ཆ་དེ་ཧ་ཅང་ཡག་པོ་དང་གནད་འགག་ཆེ་ས་ཞིག་ཏུ་ཆགས་ཡོད། སྲིད་འཛིན་ཨོ་བྷ་མས་ཨ་མི་རི་ཀའི་གཞུང་ཚབ་ཁང་རྙིང་པ་ཨ་སྒོར་དུང་ཕྱུར་༡༢་ལ་བཙོངས་ནས་ཨ་རིའི་གཞུང་ཚབ་ཁང་ས་ཆ་ཁུག་ཀྱོག་ཅིག་ལ་གནས་སྤོར་བྱ་དགོས་པའི་ཐག་གཅོད་བྱས་པ་ཕམ་ཚོང་རེད་ཅེས་སྐྱོན་བརྗོད་མོད། ཡིན་ནའང་དབྱིན་ཡུལ་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་གནས་སྤོར་བྱ་རྒྱུ་དང་གཞུང་ཚབ་ཁང་རྙིང་པའི་ས་ཆ་བཙོང་རྒྱུ་༢༠༠༨་ལོར་སྲིད་འཛིན་འཇོར་ཇི་བྷུ་ཤིའི་སྐབས་སུ་ཐག་གཅོད་བྱུང་ཡོད། ༡༩༩༥་ལོར་ཨ་ཧྥི་རི་ཀའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་གཉིས་ཀྱི་ནང་དུ་ཨ་མི་རི་ཀའི་གཞུང་ཚབ་ཁང་གཉིས་ལ་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་བྱས་པའི་རྗེས་སུ་དབྱིན་ཡུལ་གྱི་གྷ་རོ་སི་ཝྭེ་ནོར་ཐང་ཆེན་དུ་ཆགས་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་ལའང་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་འབྱུང་སྲིད་པའི་རྟགས་མཚན་བྱུང་སྟེ། ལོན་ཌོན་བ་མང་པོ་ཞིག་གིས་རང་གི་ཉེ་འཁོར་དུ་ཨ་མི་རི་ཀའི་གཞུང་ཚབ་ཁང་ཡོད་ན་ཁོ་ཚོ་འཇིགས་སྐུལ་རིང་ལུགས་པ་དང་བདེ་འཇགས་སྲུང་སྐྱོབ་པའི་བར་དུ་ཚུད་ནས་གཏོར་རྒོལ་ཕོག་སྲིད་ཅེས་ཡོངས་གྲགས་སུ་གླེང་སློང་བྱས་ཡོད། ད་ལྟ་ཨ་མི་རི་ཀའི་གཞུང་ཚབ་ཁང་གསར་པ་ཐེམ་སི་ཆུ་བོའི་ལྷོ་ཕྱོགས་སུ་སྤོར་ནས་ཉེ་འཁོར་གྱི་ཁང་ཆེན་ཁག་དང་ཉུང་མཐའ་ཡང་རྒྱང་ཁད་མི་ཊར་༣༠་ལྷག་བཞག་ཡོད་པ་མ་ཟད། ཨ་མི་རི་ཀའི་གཞུང་ཚབ་ཁང་གསར་པར་ལྕགས་རི་བསྐོར་ནས་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་ཞིང་། ད་དུང་ཨ་རིའི་གཞུང་ཚབ་ཁང་གསར་པའི་ཉེ་འཁོར་དུ་ཨ་མི་རི་ཀའི་དམག་ཀྱང་བསྡད་ཡོད་པ་རེད། ཨ་མི་རི་ཀའི་གཞུང་ཚབ་ཁང་གནས་སྤོར་བྱ་དགོས་པ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ལ་གཡོལ་ཐབས་དང་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་བའི་ཆེད་དུ་ཡིན་རུང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཚོང་ལས་ཀྱི་ཁེ་ཕན་འབའ་ཞིག་ལ་དམིགས་ནས་ཨ་རིའི་གཞུང་ཚབ་ཁང་རྙིང་པའི་ས་ཁང་ལ་རིན་གོང་ཆེན་པོ་ཞིག་ཁུག་མི་འདུག་ཅེས་སྐྱོན་བརྗོད་བྱས་པ་དང་། ༡༩༣༨་ནས་དབྱིན་ཡུལ་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་ལོན་ཌོན་གྲོང་ཁྱེར་གྱི་གྷ་རོ་སི་ཝྭེ་ནོར་ཐང་ཆེན་དུ་ཆགས་པས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ས་གནས་དེར་ཨ་མི་རི་ཀ་ཆུང་བ་ཞེས་མིང་བཏགས། ཨ་མི་རི་ཀའི་དམག་སྤྱི་ཨེ་སན་ཧ་ཝར་གྱི་དབུས་སྤྱི་ཁྱབ་བཀོད་འདོམས་ཁང་ཡང་གྷ་རོ་སི་ཝྭེ་ནོར་ཐང་ཆེན་གྱི་ཨ་མི་རི་ཀའི་གཞུང་ཚབ་ཁང་དུ་གཞིས་ཚུགས། སྲིད་འཛིན་ཌོ་ནལ་ཊོམ་གྱི་བསྐོ་བཞག་བྱས་པའི་དབྱིན་ཡུལ་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་ཝུ་ཌི་ཇོན་སན་གྱིས་བཤད་པ་ལྟར་ན་ཨ་མི་རི་ཀའི་གཞུང་ཚབ་ཁང་ས་གནས་གསར་པ་ཞིག་ལ་སྤོར་པ་ཨ་མི་རི་ཀ་དུས་རབས་༢༡་པར་མངོན་དུ་ཕྱོགས་ཏེ་གོ་ལའི་ཁྱོན་ལ་དམིགས་པ་གཏད་ཡོད་པ་ཞིག་མཚོན་པ་ལས། ཨ་མི་རི་ཀ་འདས་ཟིན་པའི་ལོ་རྒྱུས་ལ་ཞེན་ཆགས་བྱས་ནས་མདུན་སྐྱོད་བྱེད་ཐུབ་ཀྱི་མེད་པ་ཞིག་མིན། འདི་ནི་ཨ་མི་རི་ཀའི་གཞུང་ཚབ་ཁང་གསར་པ་ཞིག་སྒོ་འབྱེད་བྱས་པ་ཙམ་ཞིག་མིན། དབྱིན་ཇི་དང་ཨ་མི་རི་ཀར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་སླར་ཡང་གཏིང་ཇེ་ཟབ་ཏུ་བཏང་ནས་དུས་སྐབས་གསར་པ་ཞིག་འགོ་ཚུགས་པ་མཚོན་ཡོད། སྲིད་འཛིན་ཌོ་ནལ་ཊོམ་ལ་དབྱིན་ཡུལ་དང་འབྲེལ་བ་དམ་ཟབ་བྱས་ནས་ལས་དོན་སྒྲུབ་འདོད་ཡོད་ཅེས་བཤད་འདུག ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་དབྱིན་ཇིའི་སྲིད་བློན་ཊེ་རི་ས་མཱེ་འཕྲལ་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་འཚམས་འདྲིར་ཕེབས་མཁན་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཨང་དང་པོ་ཡིན་པ་དང་། སྲིད་བློན་ཊེ་རི་ས་མེས་༢༠༡༧་གྱི་ལོ་མཇུག་མི་འགྱངས་པར་སྲིད་འཛིན་ཌོ་ནལ་ཊོམ་དབྱིན་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་དགོས་པའི་མགྲོན་འབོད་བྱས་ཡོད། ཡིན་ནའང་ཌོ་ནལ་ཊོམ་གྱི་སྲིད་ཇུས་ཁག་ཅིག་ལ་དབྱིན་ཇིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་དགའ་མོས་མེད་པ་དང་། དབྱིན་ཇི་བ་མང་པོ་ཞིག་གིས་ཌོ་ནལ་ཊོམ་ལ་ངོ་རྒོལ་བྱ་རྒྱུ་ཡིན། ཁོ་པ་ལོན་ཌོན་ལ་ཕེབས་ན་དགའ་བསུ་མེད། ཌོ་ནལ་ཊོམ་གྱིས་མི་རིགས་དང་ཆོས་ལུགས། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་དུ་འགལ་ཟླ་སློང་བའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱིན་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ལོན་ཌོན་གྲོང་ཁྱེར་སྤྱི་ཁྱབ་སི་ཌི་ཁན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ཀྱིས་ཀྱང་འཆམ་མཐུན་མེད་པར་ཕན་ཚུན་ཚིག་མཚོན་འཕེན་རེས་བྱུང་ཡོད། དབྱིན་ཇིའི་གཞུང་འབྲེལ་མི་སྣ་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དབྱིན་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འཐེན་བྱས་མེད་ཅེས་ཨུ་ཚུགས་རྒྱག་གི་ཡོད་རུང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རང་ཉིད་དབྱིན་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ཡིན་མིན་དང་། གལ་སྲིད་ཕེབས་འཆར་ཡོད་ན་དུས་ནམ་ཞིག་ཕེབས་རྒྱུ་ཡིན་མིན་གྱི་ལན་གསལ་བོ་ཞིག་སྟེར་གྱི་མེད་པས་ཨ་མི་རི་ཀ་དང་དབྱིན་ཇིའི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་ཡོད་པའི་རྣམ་པ་ཐོན་ཡོད་པ་རེད།།

XS
SM
MD
LG