ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་བྱང་ཀོ་རི་ཡར་ཐད་ཀར་གྲོས་མོལ་བྱ་སྲིད།
please wait

No media source currently available

0:00 0:03:52 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།གཟའ་འཁོར་འདིར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོ་ཐུག་འཕྲད་གྲོས་མོལ་བྱུང་བ་ནི་༢༠༡༥་ནས་ལྷོ་བྱང་ཀོ་རི་ཡ་གཉིས་འབྲེལ་བ་ཆད་ནས་བསྐྱར་དུ་གཞུང་འབྲེལ་གྱི་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཡུལ་དུས་འོས་འཚམས་ཤིག་ལ་བསྟུན་ནས་ཨ་མི་རི་ཀས་བྱང་ཀོ་རི་ཡར་ཐད་ཀར་གྲོས་མོལ་བྱ་སྲིད། ཡིན་ནའང་གྲོས་མོལ་དེར་གྲུབ་འབྲས་ཡག་པོ་ཞིག་སྨིན་རྒྱུ་ཡིན་མིན་ནི་བཤད་དཀའ་ཞེས་བཤད་པ་དང་། ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་གྲོས་མོལ་བྱེད་པའི་རིང་དེར་ཨ་མི་རི་ཀས་བྱང་ཀོ་རི་ཡར་དམག་གིས་དྲག་རྒོལ་བྱ་འཆར་མེད། ཝོལ་སི་ཊི་རི་ཊི་ཚགས་པར་ལ་ཨ་མི་རི་ཀས་བྱང་ཀོ་རི་ཡར་དམག་གིས་དྲག་རྒོལ་བྱ་རྒྱུའི་བསམ་གཞིག་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཐོན་པར་ཁུངས་ལུང་མེད། གྲོས་མོལ་དེས་ཁ་ཕྱོགས་གང་ལ་བསྒྱུར་རྒྱུ་ཡིན་མིན་སུ་གཅིག་གིས་ཀྱང་མི་ཤེས། ང་ལ་སྲིད་འཛིན་མུན་ཅེ་དབྱིན་གྱིས་ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་ཐེངས་དང་པོ་ཡག་པོ་བྱུང་སོང་། གྲོས་མོལ་འདིས་ང་ཚོའི་རྒྱལ་ཁབ་གཅིག་པུ་མིན་པར་འཛམ་གླིང་སྤྱི་ཡོངས་ལ་དགེ་མཚན་ཅན་གྱི་ལེགས་སྐྱེས་ཤིག་འབུལ་ཐུབ་པའི་རེ་བ་ཡོད་ཅེས་བཤད་བྱུང་། དེར་བརྟེན་འཛམ་གླིང་སྤྱི་དང་ང་ཚོས་མ་འོངས་པའི་བདུན་ཕྲག་འགའ་ཞིག་གི་ནང་དུ་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ལ་ལྟ་བཞིན་ཡོད་ཅེས་གསར་འགོད་པ་ཚོར་བཀའ་མོལ་གནང་ཡོད་པ་རེད། ཕྱིས་སུའང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕོ་བྲང་དཀར་པོར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ན་ཇི་རི་ཡའི་སྲིད་འཛིན་ལ་ཐུག་འཕྲད་གྲོས་མོལ་རྗེས་སུ་གསར་འགོད་པ་ཚོར་བཀའ་མོལ་གཅིག་མཚུངས་ཤིག་གནང་ཡོད་པ་སྟེ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ལ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་ཀྱང་ཞར་དང་ཞོར་དུ་བཟང་ཕྱོགས་ཀྱི་གྲོས་མོལ་ཁག་ཅིག་ཀྱང་འབྱུང་བཞིན་ཡོད། གྲོས་མོལ་དེར་སེམས་ཤུགས་འཕར་ནས་ཤུགས་སྣོན་རྒྱག་གི་ཡོད་པས་ང་ཚོས་དེ་ལ་གྲུབ་འབྲས་བཟང་པོ་ཞིག་སྨིན་རྒྱུའི་རེ་བ་འཆང་དགོས། ངས་བལྟས་ན་སྟོབས་ཤུགས་ལ་བརྟེན་ནས་ཞི་བདེ་བསྐྲུན་ཐུབ་ཅེས་བཤད་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊོམ་གྱི་སྐད་ཆ་དེའི་གོ་དོན་ནི་ཨ་མི་རི་ཀའི་དམག་གི་སྟོབས་ཤུགས་རྒྱུན་འཛིན་བྱ་དགོས་ཟེར་པ་དེར་གོ་དགོས། ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱིས་ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་ཐེངས་དང་པོ་ཡག་པོ་ཞིག་བྱུང་སོང་། ད་ཐེངས་ཀྱི་གྲོས་མོལ་བརྒྱུད་ནས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡས་ཐད་ཀར་གྲོས་མོལ་བྱ་ཐུབ་པ་ཞིག་ལ་འགྱུར་སྲིད། ཟླ་བ་རྗེས་མར་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ཀྱི་ཡོད་པ་མཇུག་བསྒྲིལ་ཚེ། ཀོ་རི་ཡའི་གླིང་ཟུར་དེ་ཉིད་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་གྲོས་མོལ་ཡང་འབྱུང་སྲིད་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག གཟའ་མིག་དམར་ཉིན་གྱི་གྲོས་མོལ་སྐབས་སུ་བྱང་ཀོ་རི་ཡའི་རྩེད་འགྲན་རུ་ཁག་ཅིག་ལྷོ་ཀོ་རི་ཡར་འཚོགས་རྒྱུ་ཡིན་པའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱ་རྒྱུ་དང་། ལྷོ་བྱང་ཀོ་རི་ཡ་གཉིས་ལ་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་གྲོས་མཐུན་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད། འོན་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་ང་ཚོའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་བྱ་འཆར་མེད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྣམས་ཨ་མི་རི་ཀ་འབའ་ཞིག་ལ་ཁ་གཏད་ཡོད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ལྷོ་ཀོ་རི་ཡའི་སྤུན་ཟླ་རྣམས་དང་རྒྱ་ནག ཨུ་རུ་སུ་སོགས་རྒྱལ་ཁབ་གཞན་པ་གང་ལའང་ཁ་གཏད་མེད་ཅེས་འགྲེལ་བཤད་བརྒྱབ་འདུག ཨ་མི་རི་ཀས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་གྲོས་མོལ་དེར་རྒྱབ་སྐྱོར་དང་དགའ་བསུ་ཡོད། འོན་ཀྱང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་ཨ་མི་རི་ཀའི་མཐར་ཐུག་གི་ཆ་རྐྱེན་ལ་འགྱུར་བ་མེད་ཅེས་བཤད་ཡོད་པ་མ་ཟད། བྱང་ཀོ་རི་ཡ་ནི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་འགྱུར་ན་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱང་དགའ་མོས་མེད་པ་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཀ་ཆེ་ཤོས་ནི་ལྷོ་ཀོ་རི་ཡ་དང་ཉི་ཧོང་། རྒྱ་ནག་དང་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཡིན་ཞིང་། རྒྱ་ནག་གིས་ཐོག་མཐའ་བར་གསུམ་དུ་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་དང་། བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་གསར་འཛུགས་པ་ཀིམ་མིལ་སུང་དང་དེའི་རྗེས་འཛིན་པ་ཀིམ་ཇུང་ཨིལ་གཉིས་ཀྱིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱ་རྒྱུ་མིན་ཞེས་ཁས་ལེན་རིམ་པ་ཞིག་བྱས་ཡོད། ད་ལྟའི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རང་གི་མེས་པོ་དང་ཨ་ཕ་གཉིས་ཀྱི་ཁས་ལེན་དམ་བཅའ་རྣམས་བརྩི་མེད་བཏང་སྟེ། ཁོ་པས་བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་བསྒྱུར་རྒྱུ་དང་། རྡུལ་ཕྲན་མཚོན་ཆ་ནི་བྱང་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་འབའ་ཞིག་ཡིན། རྡུལ་ཕྲན་མཚོན་ཆ་མེད་པར་བྱང་ཀོ་རི་ཡ་འཚོ་གནས་མི་ཐུབ་པའི་ངེས་ཤེས་གསལ་བོ་རྙེད་ཡོད་ཟེར།།

XS
SM
MD
LG