ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་ལྷོ་བྱང་ཀོ་རི་ཡའི་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཟླ་བ་རྗེས་མར་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ཀྱི་ཡོད་པར་བྱང་ཀོ་རི་ཡའི་རྩེད་འགྲན་རུ་ཁག་ཅིག་མཉམ་ཞུགས་བྱེད་ཀྱི་ཡོད་ན་ཨ་མི་རི་ཀ་ལྷོ་ཀོ་རི་ཡར་འཚོགས་ཀྱི་ཡོད་པའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པའི་གྲོས་ཆོད་ཁག་ལག་ལེན་ཚུལ་བཞིན་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་ཀྱང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་གྲོས་མོལ་བྱས་པར་དགའ་བསུ་ཡོད། ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་དགུན་དུས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགན་སྡུར་འཚོགས་ཀྱི་ཡོད་པར་བྱང་ཀོ་རི་ཡ་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པ་གཉིས་རྒྱབ་འགལ་མིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ང་ཚོས་ལྷོ་ཀོ་རི་ཡར་ནང་མོལ་གང་ལེགས་བྱས་ནས་བྱང་ཀོ་རི་ཡ་ཟླ་བ་རྗེས་མར་ཕིང་ཁྲང་ས་གནས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་གཉིས་རྒྱབ་འགལ་མི་འབྱུང་བའི་གཟབ་ནན་བྱེད་བཞིན་ཡོད། ལྷག་པར་དུ་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ཀྱིས་ཁ་པར་ཐོག་ཏུ་བཀའ་མོལ་གནང་སྟེ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་གཞུང་གིས་སྔར་བཞིན་བྱང་ཀོ་རི་ཡར་བླ་ན་མེད་པའི་གནོན་ཤུགས་སྤྲོད་དགོས་པའི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་དང་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་སྲིད་ཇུས་ལ་འགྱུར་བ་མེད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་རྒྱལ་ཁབ་གཉིས་སུ་གྱུར་པའང་དོན་དངོས་ཤིག་ཡིན། ༢༠༡༥་ནས་ལྷོ་བྱང་ཀོ་རི་ཡ་གཉིས་འབྲེལ་བ་ཆད་ནས་ལོ་གཉིས་ལྷག་སོང་ཡོད། ཁ་སང་གཟའ་མིག་དམར་ཉིན་ལྷོ་བྱང་ཀོ་རི་ཡའི་སྐུ་ཚབ་ཚོ་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཆགས་པའི་ཕན་མུན་ཇོམ་གྱི་ཞི་བདེ་ཁང་དུ་ཐུག་འཕྲད་གྲོས་མོལ་བྱུང་བ་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན། སྲིད་འཛིན་ཌོ་ནལ་ཊོམ་དང་སྲིད་འཛིན་མུན་ཅེ་དབྱིན་གཉིས་ཀས་ལྷོ་ཀོ་རི་ཡར་འཚོགས་ཀྱི་ཡོད་པའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་དང་། དེའི་རྗེས་སུ་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ཀྱི་ཡོད་པ་གཉིས་མཇུག་མ་བསྒྲིལ་བར་དུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུའང་ངང་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད ཀོ་རི་ཡའི་གླིང་ཟུར་གྱི་ཛ་དྲག་ཞི་འཇམ་གཏོང་བའི་ཆེད་དུ་ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡར་ཕྱོགས་གཉིས་ཀྱི་དམག་དོན་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་གྲོས་གཞི་བཏོན་ཡོད་ཅེས་བཤད་ཡོད་པ་རེད། བྱང་ཀོ་རི་ཡའི་ཨོ་ལིམ་ཕིཀ་རྩེད་འགྲན་པའི་རུ་ཁག་གི་ཁོངས་སུ་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་དང་རྩེད་འགྲན་པ་རྣམས། བྱང་ཀོ་རི་ཡའི་རྩེད་འགྲན་པའི་རུ་ཁག་ལ་དགའ་བསུ་ཞུ་མཁན་ཚོགས་པ་ཞིག་དང་སྒྱུ་རྩལ་འཁྲབ་སྟོན་པ། དྲག་རྩལ་འགྲན་སྡུར་པ་དང་གསར་འགོད་པ་བཅས་མི་ཚོགས་པ་ཆེན་པོ་ཞིག་ཡོང་གི་ཡོད་ཅིང་། དེར་བརྟེན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ལྷོ་ཀོ་རི་ཡར་འཚོགས་ཀྱི་ཡོད་པའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་བྱང་ཀོ་རི་ཡ་མཉམ་ཞུགས་བྱེད་ཀྱི་ཡོད་ཚེ། ཨ་མི་རི་ཀ་ཐེངས་འདིའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་པ་དང་། དཔེར་ན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སི་གྷ་རམ་གྱིས་ཊུལ་ཌར་ནང་དུ་འཕྲིན་ཐུང་ཞིག་སྤེལ་ཏེ། ཁོང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིད་གཞུང་གི་རྩེད་འགྲན་རུ་ཁག་ཅིག་ལྷོ་ཀོ་རི་ཡའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་ཡིན་པ་ནི་སའི་གོ་ལའི་སྟེང་གི་ཆེས་ཁྲིམས་མཐུན་མིན་པའི་སྲིད་གཞུང་ཞིག་ཁྲིམས་མཐུན་གྱི་རང་བཞིན་ལྡན་པ་ཞིག་ལ་སྒྱུར་གྱི་ཡོད། ཨ་མི་རི་ཀས་ངེས་པར་དུ་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡར་འབྲེལ་བ་ཡག་ཏུ་གཏོང་རྒྱུའི་རྣམ་འགྱུར་ཞིག་སྟོན་གྱི་ཡོད་པའི་ལྐོག་གཡོ་ངན་ཇུས་ཤེས་དགོས། ལྷོ་ཀོ་རི་ཡས་ཀྱང་བྱང་ཀོ་རི་ཡའི་གཡོ་རྫུན་གྱི་རྣམ་འགྱུར་དེར་ངོས་ལེན་མི་བྱེད་པའི་ཡིད་ཆེས་ཡོད། བྱང་ཀོ་རི་ཡ་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱེད་ན་ཨ་མི་རི་ཀ་རྩེད་རིགས་འགྲན་སྡུར་དེར་མཉམ་ཞུགས་བྱ་མི་ཉན་ཞེས་ནན་བརྗོད་བྱས་འདུག ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་ཨ་མི་རི་ཀའི་ཨོ་ལིམ་ཕིཀ་རྩེད་འགྲན་རུ་ཁག་ཅིག་ལྷོ་ཀོ་རི་ཡར་འཚོགས་ཀྱི་ཡོད་པའི་རྒྱལ་སྤྱིའི་རྩེད་འགྲན་ལ་མཉམ་ཞུགས་བྱ་འཆར་ཡོད། ཨ་མི་རི་ཀའི་རུ་ཁག་གི་ཁོངས་སུ་མཐོ་རིམ་གཞུང་འབྲེལ་མི་སྣ་སུ་སུ་ཕེབས་ཀྱི་ཡོད་པ་ཕྱིས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ང་ཚོས་བྱང་ཀོ་རི་ཡའི་གཞུང་གིས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་སྟེ་རང་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་སུ་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོད་པའི་གནས་སྟངས་དེ་ཉིད་མཇུག་བསྒྲིལ་ན་དགེ་མཚན་ཅི་ཙམ་ཡོད་པ་དངོས་སུ་མཐོང་ཐོས་མྱོང་གསུམ་འབྱུང་དུ་འཇུག་འདོད་ཡོད་ཅེས་བཤད་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་འདིར་མཇུག་འབྲས་བཟང་པོ་ཞིག་སྨིན་ཐུབ་རྒྱུའི་རེ་བ་ཡོད། དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་བརྒྱུད་ནས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བའི་གྲོས་མོལ་འཕྲོ་སྐྱོང་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་མོད། འོན་ཀྱང་བྱང་ཀོ་རི་ཡའི་སྐུ་ཚབ་ཀྱིས་ལྷོ་ཀོ་རི་ཡའི་ཕྱོགས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་དགོས་འདུན་བཏོན་སོང་། འདི་ནི་ཐེངས་འདིའི་གྲོས་མོལ་གྱི་དགོངས་དོན་ལ་རྒྱབ་འགལ་ཡིན། གཟའ་མིག་དམར་ཉིན་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱས་པའི་གྲུབ་འབྲས་རྣམས་ཆུད་ཟོས་སུ་གཏོང་རྒྱུའི་ཉེན་ཀ་ཡོད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ལྷོ་བྱང་ཀོ་རི་ཡ་གཉིས་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་མིན་ཞེས་ཡོན་ཧོབ་གསར་འགྱུར་ལས་ཁང་ལ་བཤད་པ་དང་། ཕྱི་ཚེས་༩་ཉིན་བྱས་པའི་ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་དེར་ལྷོ་ཀོ་རི་ཡའི་གཅིག་གྱུར་བློན་ཆེན་གཞོན་པ་ཆོ་མུང་ཡོན་དང་བྱང་ཀོ་རི་ཡའི་ཕ་ཡུལ་ཞི་བའི་གཅིག་གྱུར་ལྷན་ཁང་གི་གཙོ་འཛིན་རི་སོན་ཝོན་གཉིས་མཉམ་ཞུགས་བྱས་ཡོད་པ་རེད།།

XS
SM
MD
LG