ངོ་འཕྲད་བདེ་བའི་དྲ་འབྲེལ།

ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་དུ་རྒྱ་ནག་གཞུང་གིས་བོད་པ་མང་པོ་ཞིག་བཙན་དབང་གིས་ས་ཆ་གཞན་ལ་གནས་སྤོར་བྱེད་དུ་བཅུག་པར་བོད་པ་ཚོས་ངོ་རྒོལ་བྱས་པ་དང་། སྐབས་རྒྱ་གཞུང་གི་ཉེན་རྟོག་པས་བོད་པ་ཚོར་གཅར་རྡུང་བཏང་ནས་འཛིན་བཟུང་བྱས་འདུག་ཅེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་འགྲེམ་སྤེལ་བྱེད་བཞིན་པའི་བོད་ཀྱི་དུས་བབ་ཚགས་པར་ལ་གནས་ཚུལ་སྤེལ་འདུག ༢༠༡༤་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཔར་དུ་བསྐྲུན་པའི་རྩ་འཛིན་ཡིག་ཆའི་ནང་དུ་བཙན་དབང་གིས་གནས་སྤོར་བྱེད་དུ་བཅུག་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཞིག་ཡིན་ཞེས་བཀོད་ཡོད་ཅིང་། རྩ་འཛིན་ཡིག་ཆ་དེར་གནས་སྐབས་སམ། ཡང་ན་གཏན་འཇགས་སོགས་ཅི་ཞིག་ཡིན་རུང་མི་མང་ལ་མོས་མཐུན་མེད་པར་ས་གནས་གཞན་ལ་སྡོད་གནས་སྤོར་དུ་འཇུག་པའི་བྱ་སྤྱོད་ནི་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་གང་འདྲ་ཞིག་གི་སྟེང་དུ་ལག་ལེན་བསྟར་ཀྱང་མི་མང་ལ་ཁྲིམས་ལུགས་ལྟར་དག་འབུད་བྱེད་པའི་གོ་སྐབས་མེད་པར་བཙན་དབང་གིས་གནས་སྤོར་བྱེད་དུ་བཅུག་པ་ཞིག་ཡིན་ཞེས་གསལ་བོར་བཀོད་ཡོད་པ་རེད། ཐེངས་འདིར་བོད་ཀྱི་དུས་བབ་ཚགས་པར་ལ་གནས་ཚུལ་སྤེལ་དོན་ལྟར་ན་སྤྱི་ལོ་༢༠༡༦་ལོ་ནས་བཟུང་སྟེ་ཁམས་སྡེ་དགེ་འཇོ་མདའ་རྫོང་མི་དམངས་སྲིད་གཞུང་ཟེར་པས་རྒྱ་ནག་གི་ལོ་ལྔ་ཚན་བཅུ་གསུམ་པའི་ལས་འཆར་ཁོངས་ཀྱི་འཆར་གཞི་ཟེར་བའི་མིང་ཐོག་ཏུ་བོད་པའི་གནས་སྡོད་རང་དབང་དང་བསམ་བློ་བཅས་ལ་བརྩི་འཇོག་མེད་པར་ས་ཁུལ་དེའི་གྲོང་ཚོ་མང་པོ་བཙན་དབང་གིས་གནས་སྤོར་བྱེད་བཅུག་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG