ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཨ་རྒྱ་གཉིས་དང་ལྷོ་རྒྱ་ནག་རྒྱ་མཚོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་ཞིག་འཛུགས་སྐྲུན་བྱས་ནས་གླིང་ཕྲན་དེའི་ཐོག་ཏུ་རྒྱ་ནག་གི་མཚོ་དམག་དང་གནམ་དམག་གི་འབབ་ཚུགས་ཁག་འཛུགས་སྐྲུན་བྱས་ཏེ། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་བརྒྱ་ཆ་༩༠་ལྷག་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་ཧམ་འཛིན་བྱེད་ཀྱིན་ཡོད་ཅིང་། ཨ་མི་རི་ཀས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་བོ་དམག་དོན་རྟེན་གཞི་ལ་སྒྱུར་གྱིན་ཡོད་པ་དེར་སྐྱོན་བརྗོད་བྱས་པ་དང་ཨ་མི་རི་ཀས་སྔར་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་གྲུ་བཏང་ནས་སྐོར་གཡེང་བྱ་རྒྱུ་ཡིན། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཕལ་ཆེ་བ་རྒྱ་ནག་གི་མངའ་ཁོངས་ཡིན་ཟེར་གྱིན་ཡོད་པར་ཨ་མི་རི་ཀས་ངོས་ལེན་མེད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཐའ་འཁོར་དུ་ཆགས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐུབ་ཚོད་བྱས་ནས་མངའ་ཁོངས་ཧམ་འཛིན་བྱེད་ཀྱིན་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀ་ཊི་ལར་སན་གྱི་སློབ་སྟོན་པ་བློ་ཐག་ཉེ་བོ་བྷེ་རེན་ཧུཀ་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན་རྒྱ་ནག་དང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཕྱི་འབྲེལ་དང་བདེ་འཇགས་སྲུང་སྐྱོབ་ལ་དུས་ནམ་ཞིག་གྲོས་མོལ་བྱས་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་རྩོད་གླེང་གི་འགལ་ཟླར་གླེང་སློང་བྱེད་བཞིན་ཡོད་ཅེས་བཤད་པ་དང་། ཉམས་ཞིབ་པ་ཁག་ཅིག་གིས་ཨ་མི་རི་ཀ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་འབའ་ཞིག་ལ་མགོ་འཁོར་ཏེ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་ས་ཆ་ཧམ་འཛིན་བྱེད་ཀྱིན་ཡོད་པ་བཀག་འགོག་བྱ་རྒྱུར་འཐུས་ཤོར་འགྲོ་བཞིན་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འཛུགས་སྐྲུན་བྱས་པའི་གླིང་ཕྲན་དེ་དག་གི་ཐོག་ཏུ་དམག་དོན་ལ་མཁོ་བའི་རེ་ཌར་འཕྲུལ་ཆས་བཙུགས་ཡོད་པ་རེད། བྷེ་རན་ཧུཀ་ཀྱིས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱེད་ཀྱིན་ཡོད་པ་རྒྱལ་སྤྱིའི་ཁྲིམས་ལ་རྒྱབ་འགལ་བྱས་པ་ཞིག་ཡིན། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཐའ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐུབ་ཚོད་བྱས་ནས་རྒྱལ་སྤྱིའི་ལམ་ལུགས་ལ་བརྩི་མེད་གཏོང་བཞིན་ཡོད། ཨ་མི་རི་ཀས་མཚོ་ཐོག་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་དང་། ང་ཚོས་གནམ་མཚོ་གཉིས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱས་ཏེ་རྒྱ་ནག་གིས་ས་ཆ་ཧམ་འཛིན་བྱེད་ཀྱི་ཡོད་པར་བརྩི་མེད་གཏོང་གིན་ཡོད་པའི་རྣམ་འགྱུར་སྟོན་གྱིན་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཨ་མི་རི་ཀས་ཕྱོགས་གང་ཐད་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རང་དབང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན་རང་དབང་ནི་ཨ་མི་རི་ཀའི་བདེ་འཇགས་དང་དཔལ་འབྱོར། ཨ་མི་རི་ཀའི་ཚོང་ལས་དང་དམག་དོན་བཅས་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་བཤད་འདུག སྔ་ལོར་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་༣་མ་ལོངས་ཙམ་གྱི་གླིང་ཕྲན་གསར་པ་ཞིག་འཛུགས་སྐྲུན་ལེགས་གྲུབ་བྱུང་སྟེ། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་འཛུགས་སྐྲུན་ལེགས་གྲུབ་བྱུང་བར་བསྔགས་བརྗོད་ཀྱི་གསར་འགྱུར་སྤེལ་པ་དང་། མ་འོངས་པའི་ལོ་གསུམ་གྱི་ནང་དུ་རྒྱ་ནག་གིས་ཧེ་ནན་གླིང་ཕྲན་ནས་བར་སྣང་ཁམས་སུ་འཁོར་སྐར་བཅུ་གྲངས་ཤིག་བཏང་ནས་རྒྱ་ནག་གཞུང་གིས་འཁོར་སྐར་བརྒྱུད་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་འགྱུར་ལྡོག་ལ་ཉིན་མཚན་དུས་དྲུག་ཏུ་ལྟ་རྟོག་བྱ་རྒྱུའི་འཆར་གཞི་ཡོད་པ་དེ་ལ་བལྟས་ཚེ། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་ལ་ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་བོ་འཁོར་སྐར་མང་པོ་ཞིག་གིས་སྟངས་འཛིན་བྱ་འཆར་ཡོད་པའི་དོགས་པ་ཡོད་པ་ར་འཕྲོད་ཡོད། དེར་བརྟེན་ཨ་རིའི་ཕྱི་སྲིད་དྲུང་ཆེའི་སློབ་སྟོན་པ་ཧུཀ་ཀྱིས་མུ་མཐུད་དུ་བཤད་པ་ལྟར་ན་རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་མེད་བཏང་ནས་མངའ་ཁོངས་རྒྱ་སྐྱེད་གཏོང་གིན་ཡོད་པ་དེར་ང་ཚོས་ནམ་ཡང་མོས་མཐུན་བྱེད་མི་ཐུབ། སྒྲིག་སྲོལ་དེ་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དང་། འཛམ་གླིང་ཡོངས་སུ་ཞི་བདེ་བརྟན་ལྷིང་འབྱུང་བའི་གཞི་རྩ་ཞིག་ཡིན། རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་སྲོལ་འདིར་དུས་ནམ་ཞིག་བརྩི་མེད་བཏང་ན་ང་ཚོས་སྒྲིག་སྲོལ་དེར་སྲུང་སྐྱོབ་བྱ་དགོས་ཞེས་བཤད་ཡོད། རྒྱ་ནག་གཞུང་གིས་རང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཕལ་ཆེ་བའི་བདག་དབང་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་རུང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དེ་དག་གི་བདག་དབང་ཧྥི་ལི་ཕིན་དང་ཝི་ཏེ་ནམ། མ་ལེ་ཞི་ཡ་དང་བྷུ་རུ་ནེ། ཐེ་ཝན་བཅས་ཀྱིས་ཀྱང་རྩོད་ཀྱིན་ཡོད་པ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་རྩོད་གླེང་དེ་ཨེ་ཤི་ཡའི་ནང་ཁུལ་གྱི་རྩོད་གཞི་ཞིག་ཡིན་པས། ཨ་མི་རི་ཀ་དང་ཚོགས་པ་གསུམ་པ་ཞིག་གིས་ཨེ་ཤི་ཡའི་ནང་ཁུལ་གྱི་རྩོད་གཞི་ཞིག་ལ་ཐེ་གཏོགས་བྱ་དགོས་དོན་མེད་ཟེར་གྱི་ཡོད། འོན་ཀྱང་ཧྥི་ལིན་ཕིན་དང་ཝི་ཏེ་ནམ་སོགས་ཀྱིས་ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་དེར་འགན་ཁུར་ཆེ་ཙམ་ལེན་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་པ་རེད།།

XS
SM
MD
LG