ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཨི་རན་གྱི་ངོ་རྒོལ་ལ་རྒྱ་ནག་གི་དམངས་གཙོ་དོན་གཉེར་པའི་རྒྱབ་སྐྱོར།


ཉེ་ཆར་ཨི་རན་ལ་མི་དམངས་ཀྱིས་དངོས་ཟོག་གི་རིན་གོང་འཕར་པ་དང་། ལྷག་པར་དུ་སྒོ་ངའི་རིན་གོང་འཕར་པར་ངོ་རྒོལ་བྱས་པའི་སྟབས་ཀྱིས་ཨེ་རན་རྒྱལ་ཡོངས་སུ་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་ལངས་ནས་ཉིན་༨་འགྲོ་བཞིན་ཡོད་ཅིང་། ཨི་རན་གྱི་ས་གནས་ཁ་ཤས་ཀྱི་ངོ་རྒོལ་ལས་འགུལ་ཁྲོད་དུ་གཞུང་གི་ཉེན་རྟོག་པ་དང་མི་དམངས་གཉིས་འཁྲུག་འཛིང་ཤོར་ནས་མི་༢༠་ཡས་མས་ཤིག་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཡོད། ཨི་རན་མི་དམངས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཊོས་ཊར་དྲ་ལམ་བརྒྱུད་ནས་རྒྱབ་སྐྱོར་ཡོད་པ་སྟེ། གལ་སྲིད་ཨི་རན་གཞུང་གིས་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་མི་དམངས་ལ་དྲག་གནོན་བྱས་ན་ཨ་མི་རི་ཀས་ཨི་རན་མི་དམངས་ལ་རྒྱབ་སྐྱོར་བྱས་ནས་ཨི་རན་གཞུང་ལ་ཉེས་ཆད་འཕར་མ་གཅོད་སྲིད་ཅེས་ཉེན་བརྡ་བཏང་འདུག སྔ་ལོ་ཨ་རིའི་གཞུང་གིས་གནས་སྐབས་ཤིག་ལ་ཨི་རན་ཚུད་པའི་ཁ་ཆེའི་རྒྱལ་ཁབ་ཁག་ཅིག་གི་སྤྱི་དམངས་རྣམས་ཨ་མི་རི་ཀར་ཡོང་མི་ཆོག་པའི་བཀག་འགོག་བྱས་ཡོད་པ་རེད། ཨ་རིའི་གཞུང་གིས་ཨི་རན་མི་དམངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར་རྒྱ་ནག་ཕྱི་ནང་གཉིས་སུ་ཡོད་པའི་དམངས་གཙོ་དོན་གཉེར་པ་མང་པོ་ཞིག་གིས་ཀྱང་ཨི་རན་མི་དམངས་ལ་རྒྱབ་སྐྱོབ་བྱེད་ཀྱི་ཡོད་ཅིང་། མི་ཁ་ཤས་ཀྱིས་རྒྱ་ནག་ལའང་ཨི་རན་ལྟར་མི་དམངས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ནས་རྒྱ་གཞུང་གིས་རྒྱ་ནག་མི་དམངས་ཀྱི་ཐོབ་ཐང་དང་རང་དབང་ཁག་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མཇུག་བསྒྲིལ་ན་ལེགས་ཞེས་གླེང་སློང་བྱེད་མཁན་འབྱུང་གི་ཡོད་པས། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་དྲ་ལམ་ཁག་ལ་སྔར་ལས་ལྷག་པའི་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་གླེང་བརྗོད་དེའི་རིགས་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་དང་། ཨི་རན་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་ཁག་རྒྱ་ནག་གི་སྤྱི་ཚོགས་སུ་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་བརྒྱུད་ལམ་ཁག་ལ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་རྒྱལ་ཁབ་གང་རུང་གི་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་པའི་དུས་སུ་རྒྱ་ནག་གཞུང་གིས་སྐབས་སོ་སོར་རང་གི་སྤྱི་ཚོགས་སུ་གནས་ཚུལ་གཅིག་དེའི་རིགས་འབྱུང་སྲིད་པའི་བློ་འཚབ་དང་དོགས་པ་བྱེད་ཀྱི་ཡོད་པ་མ་ཟད། མི་དམངས་ཀྱི་མགོ་བོ་འབུར་འཇོམས་བྱེད་པར་རྒྱལ་ཁབ་དེ་དག་ལ་བྱུང་བའི་ཉམས་མྱོང་རྣམས་རྒྱ་ནག་ལ་ལེན་ཐབས་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཧུའུ་ཅྰ་ཡིས་ཐེངས་འདིར་ཨི་རན་གྱི་གཞུང་ལ་ངོ་རྒོལ་བྱེད་ཐབས་དང་གཞུང་གི་ཉེན་རྟོག་པས་མི་དམངས་ཀྱི་ངོ་རྒོལ་ཞོད་འཇགས་གཏོང་ཐབས་བྱེད་བཞིན་པ་གང་ལ་བལྟས་ཀྱང་མ་འོངས་བར་རྒྱ་ནག་མི་དམངས་དང་ཉེན་རྟོག་པར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དོན་དངོས་སུ་སྲིད་གཞུང་གང་ཞིག་གི་དྲག་གནོན་བྱ་རྒྱུ་ཤུགས་ཇི་ལྟར་ཆེ་ཡང་དྲག་གནོན་བྱ་ཡུལ་མི་དམངས་ཀྱི་གོ་རྟོགས་སད་པའི་མྱུར་ཚད་ཀྱང་དེ་མཚུངས་ཀྱི་མགྱོགས་པོ་ཡོད་ཅེས་ཐེངས་འདིའི་ཨི་རན་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་ལ་གདེང་འཇོག་བྱས་འདུག དེ་བཞིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀོ་ཡུས་ཀྱང་རང་གི་ཊོས་ཊར་དྲ་ལམ་དུ་ཨི་རན་མི་དམངས་ལ་མ་འོངས་པར་རྒྱལ་ཁ་འཐོབ་སྲིད་ཅེས་གླེང་བརྗོད་སྤེལ་པའི་རྗེས་སུ་རྒྱ་ནག་གཞུང་གིས་ཀོ་ཡུས་ཀྱི་ཝེ་པོ་དྲ་ལམ་དུ་གནས་ཚུལ་སྤེལ་རྒྱུ་མཚམས་འཇོག་བྱ་དགོས། ཁོ་མོའི་ཁ་པར་ལ་སྔོག་བཤེར་བྱ་དགོས་པའི་བཀའ་བཏང་འདུག གཞན་ཡང་རྒྱ་ནག་པ་ཁ་ཤས་ཀྱིས་ང་ཚོས་ཀྱང་ཨི་རན་ཇི་བཞིན་སྲིད་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ནས་རྒྱ་ནག་ལ་འགྱུར་བ་གཏོང་དགོས་པ་སོགས་ཀྱི་གླེང་བརྗོད་སྤེལ་གྱི་ཡོད་པ་རེད།།

XS
SM
MD
LG