ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

པ་ཀི་སི་ཐན་ལ་དམག་དོན་རོགས་རམ་གཅོད་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཨ་མི་རི་ཀས་ལོ་ལྟར་པ་ཀི་སི་ཐན་ལ་ཨ་སྒོར་དུང་ཕྱུར་༢་དང་བྱེ་བ་༥་ལྷག་དམག་དོན་རོགས་རམ་སྤྲོད་ཀྱིན་ཡོད་པ་དང་། གཟའ་མིག་དམར་ཉིན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀས་གླེན་རྟགས་བསྟན་ནས་པ་ཀི་སི་ཐན་ལ་འདས་པའི་ལོ་བཅོ་ལྔའི་རིང་ཨ་སྒོར་ཐེར་འབུམ་ཆེན་མོ་༣༣་ལྷག་གི་དམག་དོན་རོགས་རམ་སྤྲད་ཀྱང་པ་ཀི་སི་ཐན་གྱིས་རྫུན་དང་གཡོ་ཁྲམ་འབའ་ཞིག་གིས་ཨ་མི་རི་ཀར་དྲིན་ལན་ལོག་འཇལ་བྱས་ཡོད། པ་ཀི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་པ་ཚོར་སྲུང་སྐྱོབ་བྱས་ནས་ཨབ་གྷ་ཎི་སི་ཐན་ལ་ཟིང་འཁྲུག་སློང་གི་འདུག གལ་སྲིད་པ་ཀི་སི་ཐན་ལ་མུ་མཐུད་དུ་ཨ་མི་རི་ཀའི་དམག་དོན་རོགས་རམ་དགོས་ན་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བརྗོད་བྱས་ཤིང་། དཔེར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་མི་རི་ཀའི་རྒྱུན་བཞུགས་སྐུ་ཚབ་ཎི་ཀི་ཧེ་ལིས་ཨ་རིའི་གཞུང་གིས་པ་ཀི་སི་ཐན་ལ་ལོ་ལྟར་ཨ་སྒོར་དུང་ཕྱུར་༢་དང་བྱེ་བ་༥་ལྷག་དམག་དོན་རོགས་རམ་སྤྲོད་ཀྱི་ཡོད་པ་སྐབས་ཤིག་གི་རིང་ལ་ངང་འཐེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།

ད་དུང་ཨ་རིའི་གྲོས་ཚོགས་གོང་འོག་གི་སྤྱི་མཐུན་ཚོགས་པའི་འཐུས་མི་མང་པོ་ཞིག་ལའང་པ་ཀི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་ནན་པོ་ཞིག་བྱེད་ཀྱི་མེད་པའི་ལྟ་ཚུལ་གཅིག་མཚུངས་ཤིག་ཡོད་ཅིང་། པ་ཀི་སི་ཐན་གྱི་ཞི་དྲག་གི་དཔོན་རིགས་ཚོས་ཨ་མི་རི་ཀའི་སྐྱོན་འཛུགས་དེར་ངོས་ལེན་བྱེད་ཀྱི་ཡོད་མེད་པ་དང་། གཟའ་ལྷག་པའི་དགོང་མོར་པ་ཀི་སི་ཐན་གྱི་དམག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀས་དངུལ་སྒོར་ཅི་ཙམ་སྤྲད་ཀྱང་པ་ཀི་སི་ཐན་ལ་གནོན་ཤུགས་སྤྲོད་མི་ཐུབ། ང་ཚོས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་ལས་དོན་སྒྲུབ་འདོད་ཡོད་ཀྱང་རང་གི་ཆེ་མཐོང་དང་རང་བཀུར་གྱི་འདུ་ཤེས་གཉིས་བློས་གཏོང་གི་མིན། ཨ་མི་རི་ཀའི་རོགས་དངུལ་ཆད་ཀྱང་ང་ཚོས་ཅི་ཞིག་བྱ་དགོས་མིན་ལ་སྔོན་ནས་གྲ་སྒྲིག་བྱས་ཡོད། པ་ཀི་སི་ཐན་ལ་ཨ་མི་རི་ཀའི་རོགས་དངུལ་མེད་ཀྱང་ང་ཚོའི་དཔལ་འབྱོར་དང་ནོར་སྲིད་ལ་དོ་ཕོག་ཐེབས་ཀྱི་མ་རེད་ཅེས་ལན་འདེབས་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་པ་ཀི་སི་ཐན་གྱི་རྒྱུན་བཞུགས་སྐུ་ཚབ་ཀྱིས་ཨ་མི་རི་ཀར་མཉམ་འབྲེལ་བྱེད་ཀྱིན་ཡོད་པ་དཔལ་འབྱོར་གྱི་རོགས་དངུལ་ཐོབ་པའི་ཆེད་དུ་མིན། དེ་ནི་པ་ཀི་སི་ཐན་གྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་རྩ་འཛིན་ཞིག་ལ་ཐུག་ཡོད། འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་དམག་འཁྲུག་ནང་དུ་པ་ཀི་སི་ཐན་གྱིས་མིའི་ཚེ་སྲོག་དང་ཤ་ཁྲག་གི་འགྲོ་གྲོན་ཆེན་པོ་བཏང་སྟེ་ལེགས་སྐྱེས་ཕུལ་ཡོད། ཨ་མི་རི་ཀས་གཞན་ལ་ལེ་བདའ་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་དགག་པ་བརྒྱབ་འདུག

པ་ཀི་སི་ཐན་གྱི་གསང་བའི་ལས་ཁང་གིས་ཧ་ཁ་ཎིའི་འཇིགས་སྐུལ་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ནས་བཟུང་། ཨ་མི་རི་ཀ་དང་པ་ཀི་སི་ཐན་གྱི་འབྲེལ་བ་སྡུག་ཏུ་སོང་ཡོད། ཧ་ཁ་ཎིའི་འཇིགས་སྐུལ་ཚོགས་པ་དང་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བན་དྲག་སྤྱོད་ཤོག་ཁག་གཉིས་མཉམ་འབྲེལ་བྱས་ཏེ། ཁོ་ཚོས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་ལ་འཐབ་རྒོལ་དང་ཨབ་གྷ་ཎི་སི་ཐན་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག ཏ་ལི་བན་དབང་འཛིན་ཤོག་ཁག་སླར་ཡང་རོ་ལངས་རྒྱག་ཐུབ་པའི་འཐབ་རྩོད་བྱེད་ཀྱི་ཡོད་པ་མ་ཟད། ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བན་དྲག་སྤྱོད་ཤོག་ཁག་གི་འགོ་ཁྲིད་ཕལ་ཆེ་བ་པ་ཀི་སི་ཐན་གྱི་ས་ཐོག་ཏུ་སྐུང་ཡོད་པ་དང་། འདི་དང་གཅིག་མཚུངས་སུ་པ་ཀི་སི་ཐན་གྱི་སྤྱི་ཚོགས་སུ་དྲག་ཟིང་བསླངས་ནས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་པའི་དྲག་སྤྱོད་པ་ཁག་ཅིག་ཀྱང་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་སྐུང་སྟེ། པ་ཀི་སི་ཐན་གྱིས་དེ་ལ་ལན་པ་སློག་པར་རང་གི་ས་ཐོག་ཏུ་ཨབ་གྷ་ཎི་སི་ཐན་ལ་ཟིང་འཁྲུག་སློང་མཁན་དྲག་སྤྱོད་པ་རྣམས་ཉར་འཇོག་བྱེད་ཡོད་པ་དང་། ཨ་མི་རི་ཀ་དང་པ་ཀི་སི་ཐན་གྱི་འབྲེལ་བ་སྡུག་ཏུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཨབ་གྷ་ཎི་སི་ཐན་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་ཀྱི་མེད་པ་དེར་ཐུག་ཡོད།

ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༢༢་ཉིན་ཨ་རིའི་སྲིད་འཛིན་གཞོན་པ་གློ་བུར་དུ་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་པ་ཀི་སི་ཐན་གྱིས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ན་དགེ་མཚན་ཆེ། འཇིགས་སྐུལ་རིང་ལུགས་པ་རྣམས་ཉར་འཇོག་བྱེད་པའི་དུས་སྐབས་ཡོལ་ཟིན། པ་ཀི་སི་ཐན་གྱིས་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་པ་ཚོར་སྲུང་སྐྱོབ་བྱས་ན་རང་ལ་གྱོང་གུད་ཕོག་སྲིད། འཇིགས་སྐུལ་རིང་ལུགས་པ་དང་ཏ་ལི་བན་ཤོག་ཁག་གི་འགོ་ཁྲིད་མང་པོ་ཞིག་ལོ་མང་རིང་ལ་པ་ཀི་སི་ཐན་གྱི་ས་ཐོག་ཏུ་སྐུང་ཡོད་ཅེས་ཉེན་བརྡ་བཏང་ཡོད་ཅིང་། ཐོག་མར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་པ་ཀི་སི་ཐན་ལ་འཇིགས་སྐུལ་རིང་ལུགས་ཚོར་འཐབ་རྒོལ་བྱེད་པའི་ལས་དོན་ལ་ནུས་པ་ཆེན་པོ་ཐོན་གྱི་ཡོད་ཅེས་བསྔགས་བརྗོད་བྱས་ཡོད། ཡིན་ནའང་ཉེ་ཆར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕྱི་སྲིད་གཏམ་བཤད་གལ་ཆེན་ཞིག་བྱས་པའི་སྐབས་སུ་པ་ཀི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་སྲིད་ཇུས་དེར་དགའ་མོས་བྱུང་མེད་པ་སྟེ། ཁོང་གིས་པ་ཀི་སི་ཐན་གྱིས་མངོན་ལྐོག་མེད་པར་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG