ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། དབྱིན་ཇིའི་ཊེ་ལི་གྷ་རབ་གསར་ཤོག་ལ་གནས་ཚུལ་ཐོན་པར་གཞིགས་ན་དབྱིན་གཞུང་གིས་གསར་དུ་ཡོངས་གྲགས་སུ་ཞིབ་འཇུག་བྱས་ཏེ། ༡༩༨༩་ལོར་རྒྱ་ནག་གི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གཙོ་བོར་གྱུར་པའི་མང་ཚོགས་ཀྱི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དམག་བཏང་ནས་དྲག་གནོན་བྱས་པའི་སྐབས་སུ་མི་ལ་སྲོག་སྐྱོན་བྱུང་བའི་གྲངས་འབོར་བརྒྱ་ཕྲག་རེ་ཟུང་ཞིག་ཡིན་ཞེས་རྒྱ་ནག་གཞུང་གིས་འགྲེལ་བཤད་རྒྱག་གི་ཡོད་རུང་དོན་དངོས་མི་༡༠༠༠༠་ཡས་མས་ཤིག་བསད་དང་མི་༤༠༠༠༠་ཙམ་ལ་རྨས་སྐྱོན་ཕོག་འདུག་ཅེས་ཞིབ་འཇུག་གི་གྲངས་ཐོ་གསར་པ་ཞིག་ཐོན་ཡོད་པ་རེད། དབྱིན་ཇིའི་གཞུང་གི་ཡིག་ཆ་བདག་ཉར་ཁང་གིས་ད་ལོའི་ཕྱི་ཟླ་༡༠་པའི་ནང་དུ་༨༩་ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་སློབ་མའི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་སྐབས་ཀྱི་གསང་བའི་གནས་ཚུལ་ཁག་ཅིག་ཕྱིར་བསྒྲགས་བྱེད་མཁན་གྲས་སུ་རྒྱ་ནག་དབུས་གཞུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མི་ཞིག་ཚུད་པའི་གསང་བ་ཕྱིར་བསྒྲགས་བྱེད་མཁན་མང་པོ་ཞིག་བྱུང་ཡོད། སྐབས་དེར་རྒྱ་ནག་གཞུང་གིས་མི་བསད་པའི་གྲངས་འབོར་ཁྲི་ཚོ་གཅིག་ཙམ་དང་རྨས་སྐྱོན་ཕོག་པའི་མིའི་གྲངས་འབོར་ཁྲི་བཞི་ཙམ་ཟིན་ཞེས་བཀོད་ཅིང་། དབྱིན་ཇིའི་ཕྱི་འབྲེལ་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཁག་ཅིག་ཕྱིར་བསྒྲགས་བྱས་པ་དེའི་ནང་དུ་པེ་ཅིང་དུ་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་པ་སིར་ཨ་ལན་ཨེ་ཌི་ཝེན་ཌོ་ནལ་ཌིས་༡༩༨༩་ལོའི་ཕྱི་ཟླ་༦་པའི ཚེས་༥་སྟེ། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ལ་དྲག་གནོན་བྱུང་ནས་ཉི་མ་གཅིག་གི་རྗེས་སུ་དབྱིན་ཇིའི་གཞུང་ལ་ཏར་ཡིག་བཏང་བའི་ནང་དུ་རྒྱ་ནག་གཞུང་གི་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མི་ཡིན་པ་ཞིག་གིས་དབྱིན་ཇིའི་གཞུང་ཚབ་པར་རྒྱ་ནག་གི་ཧྲན་ཤི་ཞིང་ཆེན་གྱི་དཔུང་སྡེ་༢༧་པ་གནམ་བདེ་སྒོ་མོ་ཆེའི་ཐང་ལ་བཏང་ནས་མང་ཚོགས་ལ་མེ་མདའ་རྒྱག་འགོ་ཚུགས་སོང་ཞེས་གསང་བ་ནང་མོལ་བྱས་ཡོད་ཚུལ་དང་། ༨༩་ལོའི་ཕྱི་ཟླ་༦་པའི་ཚེས་༣་གྱི་མཚན་མོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་བ་གཙང་བཟོ་བྱ་དགོས་པའི་གཞུང་གི་འཆར་གཞི་དེ་ཉིད་ཁག་བཞི་ལ་དབྱེ་བགོ་བྱས་ཡོད་པ་མ་ཟད། འཆར་གཞི་དང་པོ་གསུམ་ནི་སློབ་ཕྲུག་དང་དམངས་ཚོགས་གཉིས་ཁ་གཏོར་གཏོང་རྒྱུ་དང་། དེ་ནས་སློབ་ཕྲུག་ཚོ་དུས་ཡུན་ཆུ་ཚོད་གཅིག་ནང་ཚུད་དུ་ངོ་རྒོལ་བྱ་ཡུལ་ནས་ཕྱིར་འཐེན་བྱ་དགོས་པའི་ཉེན་བརྡ་གཏོང་རྒྱུ་སོགས་ཡིན་མོད། འོན་ཀྱང་དུས་ཡུན་སྐར་མ་ལྔ་ལས་མ་ཕྱིན་པར་ཧྲང་ཤིའི་དཔུང་སྡེ་༢༧་པའི་དམག་གིས་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོའི་ཐོག་ཏུ་ལྕགས་འཁྲབ་འཁོར་ལོ་བཏང་ནས་མི་གསོད་འགོ་ཚུགས་སོང་། མིའི་དཔུང་པོ་རྣམས་ས་གཤོངས་འཕྲུལ་འཁོར་གྱིས་སྤུངས་ནས་མེར་བསྲེགས་པའི་རྗེས་སུ་ས་འོག་ཆུ་འགྲོའི་ནང་དུ་གཡུགས་པ་དང་། ཡང་རྨས་སྐྱོན་ཚབས་ཆེན་ཕོག་པའི་བུད་མེད་བཞིས་དམག་མི་ལ་ང་ཚོ་མ་གསོད་རོགས་ཞེས་ཞུ་བ་འཐེན་ཡང་མེ་མདའི་རྩེ་གྲི་བཙུགས་ནས་བསད་སོང་། ད་དུང་གསོན་པོར་ལྷག་ཡོད་པའི་མི་༡༠༠༠་ཙམ་ཞིག་ལམ་ཁ་གཞན་ཞིག་བསྐོར་ནས་བྲོས་ཐབས་བྱས་ཀྱང་གཞུང་གི་འཇབ་དམག་གིས་མེ་མདའ་བརྒྱབ་ནས་བསད་ཡོད་པ་སོགས་འཁོད་རུང་། དབྱིན་ཇིའི་གཞུང་ཚབ་པས་རང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རྒྱ་ནག་དབུས་གཞུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མི་ཡིན་པ་དེའི་མིང་དབྱིན་ཇིའི་གཞུང་ལ་བཏང་བའི་ཏར་འཕྲིན་ནང་དུ་བཀོད་མེད་པ་དང་། དབྱིན་ཇིའི་གཞུང་ཚབ་པས་རང་ལ་མི་དེས་སྤྲད་པའི་གནས་ཚུལ་ཚང་མ་ཁུངས་བཙན་ཡིན་ཞེས་བཀོད་ཡོད་པ་རེད། དབྱིན་ཇིའི་གཞུང་གིས་༨༩་ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་གཙོ་བོར་གྱུར་པའི་དམངས་གཙོའི་ལས་འགུལ་བ་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་མི་བསད་པའི་གྲངས་འབོར་དང་སྐབས་དེའི་གཞུང་གི་དྲག་གནོན་གྱི་གོ་རིམ་སོགས་གནས་ཚུལ་ཞིབ་ཕྲ་བཀོད་ནས་གསང་བ་ཕྱིར་བསྒྲགས་བྱས་པ་དེས་རྒྱ་ནག་གཞུང་གིས་སྐབས་དེའི་གནས་ཚུལ་རྣམས་སྦ་གསང་བྱེད་པའམ། ཡང་ན་དམར་གསོད་དེ་ལ་ངོས་ལེན་མ་བྱས་པ་སྔར་ལས་ཡ་མཚན་སྐྱེ་དགོས་པ་དང་དོགས་པ་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གི་གཞུང་འབྲེལ་གནས་ཚུལ་ཁག་ཏུ་སྐབས་དེར་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་དེ་ཉི་བརྒྱ་ཙམ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་ཀྱང་དོན་དངོས་སུ་གྲངས་འབོར་དེ་ལས་མང་བ་ཞིག་ལ་འཆི་རྨས་ཀྱི་གནོད་འཚེ་ཕོག་ཡོད་ཅེས་མི་རྣམས་དོགས་པ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་མཁན་ཚོར་སྤྱི་ཚོགས་ཀྱི་བརྟན་ལྷིང་གཏོར་བཤིག་པ་དང་ཁྲིམས་འགལ་པའི་ཉེས་མིང་བཏགས་ཡོད། རྒྱ་ནག་གཞུང་གིས་༨༩་ལོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ཞོད་འཇགས་བཏང་བ་དེས་རྒྱ་ནག་གི་དཔལ་འབྱོར་ལ་འཕེལ་རྒྱས་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་དོན་དངོས་ནི་གདུག་རྩུབ་ཆེ་བའི་དྲག་གནོན་ཞིག་སྦ་གསང་བྱེད་པའི་ཆེད་དུ་ཡིན་པ་ར་འཕྲོད་ཅིང་། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་༡༩༨༩་ལོར་རྒྱ་ནག་པེ་ཅིང་དུ་བྱུང་བའི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་མི་བསད་པའི་གྲངས་འབོར་ཅི་ཙམ་ཟིན་མིན་ལ་བཤད་སྲོལ་མི་འདྲ་བ་ཡོད་པ་ནི་རྒྱ་ནག་གི་རྒྱ་གྲམ་དམར་པོས་སྨན་ཁང་ཁག་གིས་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ནས་ཉུང་མཐའ་ཡང་མི་༢༧༠༠་བསད་འདུག་ཅེས་བཀོད་ཀྱང་སྐབས་དེའི་པེ་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁྲེན་ཤི་ཐུང་གིས་༡༩༨༩་ལོའི་ཕྱི་ཟླ་༦་པའི་ཚེས་༣༠་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་མི་མང་དཀྱུས་མ་༣༠༠༠་ལ་རྨས་སྐྱོན་དང་སློབ་ཕྲུག་༣༦་ཚུད་པའི་མི་༢༠༠་ཙམ་ལ་སྲོག་སྐྱོན་ཕོག་འདུག་ཅེས་སྙན་གསེང་ཞུས་ཡོད། ༢༠༡༤་ལོར་ཨ་རིའི་ཕོ་བྲང་དཀར་པོའི་ཞིབ་འཇུག་སྙན་ཐོ་ཞིག་ལ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་སུ་མི་བསད་པའི་གྲངས་འབོར་༡༠༤༥༤་ཟིན་དང་། མི་ལ་རྨས་སྐྱོན་བྱུང་བའི་གྲངས་འབོར་ཁྲི་ཚོ་བཞི་ཟིན་ཞེས་བཀོད་ཡོད་པ་རེད།།

XS
SM
MD
LG