ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀིམ་ཇུང་ཨུན་ཕ་མེས་ཀྱི་དམ་བཅར་འགལ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་གསར་པ་ཚུགས་མཁན་ཀིམ་མིལ་སུང་དང་ཤུལ་འཛིན་པ་ཀིམ་ཇུང་ཨིལ་ཏེ། བྱང་ཀོ་རི་ཡའི་དམག་ཤོག་འགོ་ཁྲིད་ཕ་བུ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱ་རྒྱུ་མིན། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་དམིགས་ཡུལ་འཆང་ཡོད་ཅེས་རྒྱ་ནག་ལ་ཁས་ལེན་བྱས་ཡོད། འོན་ཀྱང་ད་ལྟའི་བྱང་ཀོ་རི་ཡའི་དམར་ཤོག་གི་མི་རབས་གསུམ་པའི་དབང་འཛིན་པ་སྟེ། ཚ་བོ་ཀིམ་ཇུང་ཨུན་གྱིས་རང་གི་ཕ་མེས་ཟུང་གིས་ཁས་ལེན་དམ་བཅའ་བྱས་པ་ཁག་ལ་བརྩི་མེད་བཏང་ནས་བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་སྒྱུར་ཐབས་བྱེད་བཞིན་ཡོད།

རྒྱ་ནག་གིས་བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་ནམ་ཡང་ངོས་ལེན་བྱ་ཐུབ་ཐབས་མེད། དེང་སྐབས་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་སོང་ཡོད་པའི་ལན་ཁག་མཐའ་དག་ཀིམ་ཇུང་ཨུན་ལ་ཐུག་ཡོད། ཉེ་དུས་ཤིག་ནས་བྱང་ཀོ་རི་ཡའི་གཞུང་གིས་འཛིན་བཞིན་པའི་ཕྱི་འབྲེལ་སྲིད་ཇུས་ལ་མཚོན་ན་རྒྱ་ནག་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་དགོས་པ་ཞིག་རེད་ཅེས་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཟུར་པ་དབྱང་ཤི་ཡུས་ཀྱིས་བཤད་འདུག ཕྱི་འབྲེལ་མི་སྣ་ཟུར་པ་དབྱང་ཤི་ཡུས་ནི་༢༠༠༤་ནས་༢༠༠༥་བར་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ཀོ་རི་ཡའི་ལས་དོན་གྱི་འགན་འཛིན་ཡིན་ཞིང་། ཁོ་པ་སྔོན་ཆད་ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་མི་རི་ཀ ཉི་ཧོང་དང་ཨུ་རུ་སུ། རྒྱ་ནག་བཅས་འབྲེལ་ཡོད་རྒྱལ་ཁབ་དྲུག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་བྱས་པ་དེར་འབྲེལ་བ་ཡོད། ཟླ་བ་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་སུང་ཏའོ་བྱང་ཀོ་རི་ཡར་ཉི་མ་བཞིའི་རིང་དུ་འཚམས་འདྲིར་ཕེབས་རུང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་ལ་ཐུག་འཕྲད་བྱས་མེད་ཅིང་། ཀིམ་ཇུང་ཨུན་གྱིས་ཞིས་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་སུང་ཏའོ་ལ་ཐུག་འཕྲད་མ་བྱས་པ་རྒྱ་ནག་ངོ་གནོང་དགོས་པ་ཞིག་ལ་གྱུར་སོང་། རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་ཐུག་ཡོད། འདི་ནི་བྱང་ཀོ་རི་ཡས་རང་གི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་ཞིག་ཡིན་པ་ལས་རྒྱ་ནག་གི་ལངས་ཕྱོགས་ལ་འགྱུར་བ་ཐེབས་པ་ཞིག་མིན་ཞེས་བཤད་ཡོད་པ་རེད། ཞིས་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་སུང་ཏའོ་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པའི་སྐབས་སུ་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཆོ་རུང་ཧེས་ཐུག་འཕྲད་བྱས་པ་དང་། སུང་ཏའོ་ཡིས་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་གྲུབ་འབྲས་དང་ཐག་གཅོད་ཁག་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་མུ་མཐུད་དུ་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད། ཀིམ་ཇུང་ཨུན་གྱི་ཕ་མེས་ཚོས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུའི་ཁས་ལེན་བྱས་པ་ལྟར་རྒྱ་ནག་ལའང་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད། ད་ལྟ་ཀིམ་ཇུང་ཨུན་གྱིས་རང་གི་ཕ་མེས་ཀྱི་ཁས་ལེན་དམ་བཅའ་རྣམས་བརྩི་མེད་བཏང་ན་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་ཐུན་མོང་གི་དམིགས་ཡུལ་རྩ་བརླག་ཏུ་སོང་བ་རེད་ཅེས་བཤད་ཡོད་པ་དང་། རྒྱ་ནག་གི་ཅི་ལིན་ཉིན་རེའི་ཚགས་པར་ལ་བྱང་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གསར་འགྱུར་སྤེལ་འདུག སྔ་ལོ་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་༦་བྱས་པ་མ་ཟད། ཁོ་ཚོས་མེ་ཤུགས་འཕུར་མདེལ་ཡར་རྒྱས་བཏང་ནས་ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ཨེ་ཤི་ཡའི་མངའ་ཁུལ་དུ་ཡོད་པའི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གཏོར་རྒོལ་བྱེད་ཐུབ་པའི་གྲ་སྒྲིག་བྱེད་ཀྱི་ཡོད། དེར་བརྟེན་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་བརྒྱུད་ནས་བྱང་ཀོ་རི་ཡའི་རྡོ་སོལ་དང་གཏེར་རྡོ། རས་ཆ་དང་མཚོ་ཟས་རྣམས་ཕྱིར་ཚོང་བྱེད་མི་ཆོག་པ་དང་། བྱང་ཀོ་རི་ཡའི་ངལ་རྩོལ་པ་རྣམས་ཕྱིའི་རྒྱལ་ཁབ་ཁག་ལ་ངལ་རྩོལ་རྒྱུག་ཏུ་གཏོང་གི་ཡོད་པར་བཀག་སྡོམ་བྱ་རྒྱུ། བྱང་ཀོ་རི་ཡས་རྡོ་སྣུམ་ནང་འདྲེན་དང་སྐྱེལ་འདྲེན། དངུལ་སྒོར་གཏོང་ལེན་བྱེད་ཀྱི་ཡོད་པ་རྣམས་བཀག་སྡོམ་བྱ་དགོས་པའི་གྲོས་ཆོད་བཞག་སྟེ། རྒྱ་ནག་གིས་ཀྱང་ཨ་མི་རི་ཀས་བཏོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་ཡོད། ད་དུང་ཨ་མི་རི་ཀས་ཕྱོགས་གཞན་ཞིག་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་སོགས་ལ་མཉམ་འབྲེལ་བྱས་ནས་དམག་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད། ཕྱི་འབྲེལ་མི་སྣ་ཟུར་པ་དབྱང་ཤི་ཡུས་གཞུང་འབྲེལ་གྱིས་གཉེར་པའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཞིག་ཡིན་པ་དང་། ཁོ་ཚོས་རྒྱལ་སྤྱིའི་འཕེལ་འགྱུར་ཁག་ལ་ཞིབ་འཇུག་བྱས་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་ལ་ལམ་སྟོན་བྱེད་ཀྱི་ཡོད་པ་སྟེ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ལོ་རེའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་དགོས། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་རྒྱུ་མཚམས་འཇོག་དགོས། དེ་ནས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ལ་བསྒྱུར་དགོས་པའི་གྲོས་མོལ་བྱ་དགོས། གལ་ཏེ་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་དམིགས་ཡུལ་དོར་ན་རྒྱ་ནག་དང་བྱང་ཀོ་རི་ཡ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་ཐུན་མོང་གི་ཕམ་ཉེས་ཆེན་པོ་ཞིག་ཡིན། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ལའང་ཉེན་ཀ་ཆེན་པོ་ཡིན། རྩ་དོན་འདིའི་ཐོག་ཏུ་རྒྱ་ནག་གིས་བྱང་ཀོ་རི་ཡར་གུ་བཤངས་སམ། ཡང་ན་བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་ནམ་ཡང་ངོས་ལེན་བྱ་ཐུབ་ཐབས་མེད་ཅེས་བཤད་འདུག

XS
SM
MD
LG