ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དཀར་ནག་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གསུམ་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་དཀར་ནག་གཉིས་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གསུམ་ལྡི་ལི་གསར་པར་ཐུག་འཕྲད་བྱས་ཏེ། ཁོ་ཚོས་ཨབ་གྷ་ཎི་སི་ཐན་གྱི་ཞི་བདེ་བརྟན་ལྷིང་དང་དཀྱིལ་ཤར་ས་ཁུལ་ལ་ཟིང་འཁྲུག ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལང་སྲིད་པའི་ཛ་དྲག་ཡོད་པ་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་ཇི་ལྟར་བྱེད་ཕྱོགས། དུད་ནག་ཉོ་ཚོང་བཀག་སྡོམ་དང་རྒྱ་དཀར་ནག་དང་ཨུ་རུ་སུ་བཅས་འབྲེལ་ཡོད་རྒྱལ་ཁབ་གསུམ་གྱི་ཆ་འཕྲིན་གཏོང་ལེན་གྱི་འབྲེལ་བ་རྒྱུན་ལྡན་དུ་བསྒྱུར་རྒྱུ། རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ་གསུམ་གྱི་བདེ་འཇགས་མཉམ་འབྲེལ་དང་ཚོང་ལས་ཡར་རྒྱས་གཏོང་ཕྱོགས་བཅས་རྒྱལ་སྤྱི་དང་རང་གི་མངའ་ཁུལ་ལ་འབྲེལ་བ་ཡོད་པའི་གནད་དོན་སོགས་ལ་གྲོས་མོལ་བྱས་འདུག རྒྱ་ནག་གིས་རྒྱ་གར་དང་ཨུ་རུ་སུ། ཨི་རན་སོགས་བརྒྱུད་ནས་འཛམ་གླིང་ཡོངས་ལ་རྒྱུད་གཅིག་ལམ་གཅིག་ཟེར་པའི་ཚོང་ལམ་དང་སྐྱེལ་འདྲེན། འགྲིམ་འགྲུལ་གྱི་རྒྱ་ལམ་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་ཡོད་པའི་དགེ་སྐྱོན། ལྷག་པར་དུ་ཨུ་རུ་སུ་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་རྒྱ་ནག་གི་མ་རྩ་བཙུགས་ནས་རྒྱལ་སྤྱིའི་ལྷོ་བྱང་རྒྱ་ལམ་ཏེ། རྒྱ་གར་དང་ཨི་རན། ཨབ་གྷ་ཎི་སི་ཐན་དང་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་དང་། དེ་ནས་ཨུ་རུ་སུ་བརྒྱུད་ནས་ཡུ་རོབ་ལ་འབྲེལ་ལམ་མཐུད་ཀྱི་ཡོད་པའི་འཆར་གཞི་དེར་གྲོས་མོལ་བྱས་ཏེ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དེས་རྒྱ་གར་དང་ཨུ་རུ་སུ་གཉིས་ལ་ཕན་གནོད་ཅི་ཙམ་ཐེབས་རྒྱུ་ཡིན་མིན་ལ་ཟུར་དུ་གྲོས་མོལ་བྱས་ཡོད་ཅིང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ང་ཚོས་རྒྱལ་སྤྱིའི་ཐོག་ཏུ་འབྲེལ་བ་གསར་པ་ཞིག་འཛིན་རྒྱུ་ཡིན། འགྲོ་བ་མིའི་རིགས་ལ་ཀུན་སྙོམས་ཀྱི་ཐུན་མོང་ཡུལ་སྡེ་ཞིག་བསྐྲུན་པར་རྒྱ་ནག་གིས་འབད་བརྩོན་བྱེད་བཞིན་ཡོད། མ་འོངས་པའི་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ནི་བཏང་སྙོམས་དང་ལེགས་ཚོགས་ཀྱིས་གཏམས་པའི་སྲིད་ཇུས་ཤིག་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་ལ་ཁ་ཕྱོགས་གསལ་བོ་བསྟན་ཡོད། རྒྱ་ནག་གིས་དགེ་མཚན་ལྡན་པའི་ཕྱི་འབྲེལ་གྱི་ཁོར་ཡུག་ཅིག་བསྐྲུན་ནས་ཕྱི་འབྲེལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཀྱིན་འདུག དུས་རབས་གསར་པའི་ནང་དུ་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་རྒྱ་ཆེན་པོ་དང་ཕུགས་རྒྱང་རིང་པོར་བལྟ་ཐུབ་པ། ཐ་ན་རྒྱ་ནག་གིས་གུ་ཡངས་ཀྱི་བསམ་བློ་དང་ཐབས་མཁས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་འཆར་ཡོད་ཅེས་ནན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། སྐྱེལ་འདྲེན་སོགས་ཤུགས་རྐྱེན་རྣམས་རྒྱལ་སྤྱིའི་ཐོག་ཏུ་ཐེབས་ཀྱི་ཡོད་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བློ་དོགས་ཡོང་གི་ཡོད་པ་སེལ་ཐབས། རྒྱ་ནག་གི་རྒྱུད་གཅིག་དང་ལམ་གཅིག་གི་ལས་འཆར་དེ་ཉིད་འབྲེལ་ཡོད་རྒྱལ་ཁབ་ཚང་མར་ཁེ་ཕན་ཡོད་པ་དང་དགེ་མཚན་ཡོད་པ་ཞིག་ཡིན་ཞེས་ནན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོ་རྒྱ་ནག་ལ་ཡིད་ཆེས་གཙང་མ་ཞིག་མེད་པ་དང་། དཔེར་ན་དེང་སྐབས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་སྐུང་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱ་དགོས། ཁོ་པའི་འགྲིམ་འགྲུལ་བཀག་ནས་རྒྱ་གར་ལ་རྩིས་སྤྲོད་བྱ་དགོས་ཞེས་རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་བྱས་ཀྱང་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་ཆོད་ལ་བཀག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་མ་སུ་ཐེ་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱེད་དུ་བཅུག་མེད། ད་དུང་རྒྱ་ནག་གིས་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་ལྷོ་བྱང་རྒྱ་ལམ་གྱི་ཚོགས་ཁོངས་སུ་རྒྱ་གར་ཚོགས་འཐུས་རྒྱལ་ཁབ་ཅིག་བྱ་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཏེ། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་ཕྱོགས་གསུམ་གྱི་ཕྱི་འབྲེལ་བློན་ཆེན་རྣམ་པའི་གྲོས་མོལ་གྱི་རྗེས་སུ་ཐུན་མོང་གི་སྤྱི་བསྒྲགས་ཤིག་སྤེལ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་ཚོས་ཕྱི་ཚུལ་དུ་ཕན་ཚུན་འབྲེལ་བ་བཟང་པོ་ཡོད་པ་དང་འཆམ་མཐུན་ཡོད་པའི་རྣམ་འགྱུར་སྟོན་གང་ཐུབ་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་སུ་རྒྱ་དཀར་ནག་གཉིས་ལ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་པ་སྟེ། ད་ལོ་བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་རྒྱ་དཀར་ནག་གི་དམག་དཔུང་འགྲེམ་འཇོག་བྱས་ནས་དམག་འཁྲུག་རྒྱག་གྲབས་བྱས་པ་དང་། ཨ་རུ་ན་ཅལ་མངའ་སྡེའི་མངའ་བདག་ལ་རྩོད་གླེང་ཡོད་པ་དང་ས་མཚམས་ཀྱི་རྩོད་གཞི། རྒྱ་གར་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་པ་བཙན་བྱོལ་བ་ཚོར་གནས་ཚང་གཡར་པ། རྒྱ་ནག་གིས་པ་ཀི་སི་ཐན་གྱི་དམག་ལ་རྒྱབ་སྐྱོར་བྱས་ནས་རྒྱ་གར་ལ་ཕྱོགས་གཉིས་ནས་བདེ་འཇགས་སྲུང་སྐྱོབ་ཀྱི་ཉེན་ཀ་འཕྲད་བཞིན་ཡོད་པར་བརྟེན། རྒྱ་དཀར་ནག་གཉིས་ལ་འབྲེལ་བ་གཏིང་ཟབ་དང་ཕན་ཚུན་ཡིད་ཆེས་འཕེར་པ། ཁོ་ཚོས་གཅིག་གིས་གཅིག་ལ་དོགས་ཟོན་བྱ་མི་དགོས་པའི་འབྲེལ་བ་ཞིག་ཚུགས་ཐུབ་རྒྱུ་ཁག་པོ་ཡིན་ཞེས་གླེང་སློང་བྱས་ཏེ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད།།

XS
SM
MD
LG