ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཇཱེ་རུ་ས་ལམ་གྲོང་ཁྱེར་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཇཱེ་རུ་ས་ལམ་གྲོང་ཁྱེར་དེ་ཉིད་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་པ་ཡིན། ཊེ་ལི་ཝྭིའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་ཡུན་རིང་མི་འགོར་པར་ཇཱེ་རུ་ས་ལམ་གྲོང་ཁྱེར་ལ་སྤོར་རྒྱུ་དང་། ཇཱེ་རུ་ས་ལམ་གྲོང་ཁྱེར་དེ་ཉིད་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་པ་དཀྱིལ་ཤར་ས་ཁུལ་ལ་ཞི་བདེ་བསྐྲུན་པའི་ཆེད་དུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང གྷ་ཟ་ཐང་གཤོང་དང་པ་ལི་སི་ཐན་རང་སྐྱོང་ས་ཁུལ་ཁག་ཏུ་པ་ལི་སི་ཐན་བ་ཚོས་ཨ་མི་རི་ཀའི་རྒྱལ་དར་དང་སྲིད་འཛིན་ཌོ་ནལ་ཊོམ་གྱི་འདྲ་པར་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། པ་ལི་སི་ཐན་གྱི་སྲིད་འཛིན་ཨ་བྷ་སི་དང་དེ་མིན་གྱི་མཐོ་རིམ་ལས་སྣེ་ཚོས་ཇཱེ་རུ་ས་ལམ་གྲོང་ཁྱེར་ཧྲིལ་བོ་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་པར་གཏན་ནས་ངོས་ལེན་མེད། ཤར་ཇཱེ་རུ་ས་ལམ་མ་འོངས་པར་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན། ད་ནས་ཨ་མི་རི་ཀས་ཨི་སི་རལ་དང་པ་ལི་སི་ཐན་གཉིས་ལ་ཕྱོགས་ལྷུང་མེད་པའི་བར་འདུམ་དྲང་སྙོམས་ཤིག་བྱེད་ཐུབ་པའི་ཡིད་ཆེས་མེད་ཅེས་ངོ་རྒོལ་དྲག་པོ་བྱེད་ཡོད་པ་དང་། པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་མི་དམངས་ལ་སླར་ཡང་གྱེན་ལངས་ཐེངས་གསུམ་པ་བྱ་དགོས་ཞེས་སྐུལ་སློང་བྱེད་ཀྱི་ཡོད་ཅིང་། ༢༠༡༦་གི་སྲིད་འཛིན་འོས་འདེམས་དུས་སུ་ཌོ་ནལ་ཊོམ་གྱིས་ང་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཚེ། ངས་ཇཱེ་རུ་ས་ལམ་གྲོང་ཁྱེར་དེ་ཉིད་ཨི་སི་རལ་གྱི་རྒྱལ་སར་ངོས་ལེན་བྱ་རྒྱུ་ཡིན། ཨ་མི་རི་ཀའི་གཞུང་ཚབ་ཁང་ཇཱེ་རུ་ས་ལམ་གྲོང་ཁྱེར་ལ་སྤོར་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་དང་། ཁ་སང་ཕྱི་ཚེ་༦་ཉིན་ཌོ་ནལ་ཊོམ་གྱིས་ཕོ་བྲང་དཀར་པོར་རང་གི་འོས་འདེམས་ལས་འགུལ་སྐབས་ཀྱི་ཁས་ལེན་དམ་བཅའ་རྣམས་ལག་ལེན་བསྟར་ཏེ། ཨ་མི་རི་ཀས་ཇཱེ་རུ་ས་ལམ་གྲོང་ཁྱེར་དེ་ཉིད་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་པ་ནི་ཐག་གཅོད་ཡང་དག་པ་ཞིག་ཡིན། ང་ཚོས་ལོ་ངོ་བཅུ་ཕྲག་མང་པོར་དོན་དངོས་ཤིག་ལ་གཡོལ་ཐབས་བྱས་པ་དེས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཞི་བའི་གྲོས་མོལ་ལ་ཕན་ཐོགས་གང་ཡང་བྱུང་མེད། ཨི་སི་རལ་དང་པ་ལི་སི་ཐན་གྱི་ཞི་བའི་གྲོས་མོལ་འཕྲོ་སྐྱོང་མ་ཐུབ་པར་ཡུན་རིང་ནར་འགྱངས་ཕྱིན་སོང་། གལ་སྲིད་ཕྱོགས་གཉིས་ཀར་འདོད་ཡོད་ན་ཨ་མི་རི་ཀས་སྔར་བཞིན་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཞི་བའི་གྲོས་མོལ་ལ་བར་འདུམ་བྱ་ཆོག ཨི་སི་རལ་དང་པ་ལི་སི་ཐན་ཞེས་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས་པའི་ཐབས་ལམ་ལའང་རྒྱབ་སྐྱོར་ཡོད། ང་ཚོས་རྩོད་གཞི་ཅན་གྱི་གྲོང་ཁྱེར་དེའི་བདག་དབང་ཨི་སི་རལ་ལ་ཡོད་ཅེས་ས་མཚམས་གསར་པ་ཞིག་བཙན་དབང་གིས་གཏན་འབེབས་བྱས་པ་མིན་ཞེས་བཤད་འདུག ཡིན་ནའང་ཨ་མི་རི་ཀས་ཇཱེ་རུ་ས་ལམ་ཨི་སི་རལ་གྱི་རྒྱལ་ས་ཡིན་པར་ངོས་ལེན་བྱས་པ་ཙམ་གྱིས་རྩོད་གཞི་ཆེན་པོ་ཞིག་བསླངས་ཏེ། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་ཨ་རབ་རྒྱལ་ཁབ་ཁག ཨུ་རུ་སུ་སོགས་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཇཱེ་རུ་ས་ལམ་གྲོང་ཁྱེར་གྱི་བདག་དབང་སུ་ལ་ཡོད་མེད་རྩོད་གཞི་ཅན་ཞིག་ཡིན། ཇཱེ་རུ་ས་ལམ་གྲོང་ཁྱེར་གྱི་ཤར་ཕྱོགས་ས་ཁུལ་ཁག་གི་བདག་དབང་པ་ལི་སི་ཐན་བ་ཚོར་ཡོད་དགོས་པའི་ལངས་ཕྱོགས་བཟུང་སྟེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་རེད། ཨི་སི་རལ་གྱི་གཞུང་གིས་ཇཱེ་རུ་ས་ལམ་གྲོང་ཁྱེར་གྱི་བརྩིགས་གྱང་རྙིང་པའི་ངོས་སུ་ཨ་མི་རི་ཀ་དང་ཨི་སི་རལ་གྱི་རྒྱལ་དར་གཉིས་མཉམ་དུ་གཤིབ་པའི་བརྙན་པར་དང་སྲིད་འཛིན་ཌོ་ནལ་ཊོམ་བཀའ་དྲིན་ཆེ་ཞེས་འཁོད་པའི་ཡི་གེ་འཆར་དུ་བཅུག་སྟེ། འཛམ་གླིང་རྒྱལ་ཁབ་གཞན་ཁག་གིས་ཀྱང་ཨ་མི་རི་ཀར་མིག་དཔེ་བལྟས་ནས་རང་གི་གཞུང་ཚབ་ལས་ཁང་ཁག་ཊི་ལི་ཝྭིའུ་གྲོང་ཁྱེར་ནས་ཇཱེ་རུ་ས་ལམ་གྲོང་ཁྱེར་ལ་སྤོར་ཐུབ་པའི་རེ་བ་ཡོད་ཅེས་འབོད་སྐུལ་ཞུ་གི་ཡོད་མོད། འོན་ཀྱང་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཕལ་ཆེ་བས་རང་གི་གཞུང་ཚབ་ལས་ཁང་ཁག་ཊེ་ལི་ཝྭིའུ་ནས་ཇཱེ་རུ་ས་ལམ་གྲོང་ཁྱེར་ལ་སྤོར་རྒྱུའི་འཆར་གཞི་མེད་པ་དང་། ༡༩༦༧་ལོར་ཨི་སི་རལ་དང་ཨ་རབ་རྒྱལ་ཁབ་ཁག་གིས་དམག་འཁྲུག་བརྒྱབ་སྟེ། ཤར་ཇཱེ་རུ་ས་ལམ་དང་ནུབ་མཚོ་རྒྱུད། གྷ་ཟ་དང་དེ་མིན་གྱི་པ་ལི་སི་ཐན་གྱི་ས་གནས་ཕལ་ཆེ་བ་ཨི་སི་རལ་གྱི་དམག་གིས་བླངས། པ་ལི་སི་ཐན་བ་ས་ཡ་འགའ་ཞིག་རང་ཁྱིམ་ནས་ཕྱིར་ཕུད་བཏང་ཞིང་། ཁོ་ཚོ་འདས་པའི་དུས་རབས་ཕྱེད་ཀ་ལྷག་ལ་འཇོར་ཌན་གྱི་སྐྱབས་བཅོལ་བའི་སྡོད་སྒར་ཁག་ཏུ་འཚོ་གནས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG