ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཟླ་བ་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རིག་གཞུང་ནི་རྒྱལ་ཁབ་ཀྱི་བླ་སྲོག་ཡིན་ཞེས་གཏམ་བཤད་བྱས་པ་དང་། རྒྱ་ནག་གི་དམར་ཤོག་གསར་འཛུགས་པ་མའོ་ཙེ་ཏུང་དང་འདྲ་བར་ཞིས་ཅིན་ཕིང་གིས་ཀྱང་རིག་གཞུང་དང་སྒྱུ་རྩལ་པ་ཚོས་སྤྱི་ཚོགས་རིང་ལུགས་དང་རྒྱ་ནག་དམར་ཤོག་ཚོགས་པར་སྲི་ཞུ་བསྒྲུབ་དགོས་པའི་ཡིད་ཆེས་བརྟན་པོ་བཅངས་ཏེ། གཟའ་འཁོར་འདིར་རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པ་དང་གློག་བརྙན་འཁྲབ་མཁན། གཞས་པ་དང་གཞས་མ་གྲགས་ཅན་བཅས་མི་བརྒྱ་ལྷག་རྒྱ་ནག་གི་ཧང་ཀྲུག་གྲོང་ཁྱེར་ལ་བསྡུས་པ་དང་། ཁོ་ཚོར་སྲིད་འཛིན་ཞིས་ཅིན་ཕིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་བསྒྲགས་པའི་གཏམ་བཤད་ཀྱི་ནང་དོན་གཙོ་བོ་སྟེ། རྒྱ་ནག་གི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་གསར་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་དུ་བཅུག་པ་དང་། ལྷག་པར་དུ་སྲིད་འཛིན་ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་དགོངས་དོན་ཁག་ལག་ལེན་ཇི་ལྟར་བསྟར་དགོས་མིན་ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད་ཅིང་། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གཞུང་གིས་སྤྱི་ཚོགས་རིང་ལུགས་གོང་མཐོར་གཏོང་དགོས། མ་ཁེ་སི་རིང་ལུགས་ཀྱི་ལམ་སྟོན་འོག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཚད་གཞི་མཐོ་རུ་གཏོང་དགོས། རྩོམ་པ་པོ་དང་སྒྱུ་རྩལ་པ་ཚོས་མི་དམངས་ཀྱི་འཚོ་བ་དངོས་རྣམས་མཚོན་པའི་བརྩམས་ཆོས་འབྲི་དགོས་པ་དང་། རིག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དཔའ་བོ་དང་རྒྱལ་ཁབ་ཀྱི་དཔའ་བོ། མི་རིགས་ཀྱི་དཔའ་བོ་རྣམས་ལ་མངོན་པར་བསྟོད་དགོས་ཞེས་ནན་བརྗོད་བྱས་པ་མ་ཟད། ༢༠༡༤་ལོའི་ཕྱི་ཟླ་༡༠་ནང་དུའང་ཞིས་ཅིན་ཕིང་གིས་འདི་ལྟར་གཏམ་བཤད་བྱས་ཡོད། ༡༩༤༢་ལོར་མའོ་ཙེ་ཏུང་གིས་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་ཏུ་སྒྱུ་རྩལ་གྱིས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་མཚོན་དགོས། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་དགོས་ཞེས་གཏམ་བཤད་བྱས་ནས་བཟུང་། རྒྱ་ནག་གི་རིག་གཞུང་མ་ལག་མཐའ་དག་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་རིག་གཞུང་ཞིག་ཏུ་གྱུར་ཡོད། ད་ལྟ་ཞིས་ཅིན་ཕིང་གིས་སླར་ཡང་མའོ་ཙེ་ཏུང་གི་གཏམ་བཤད་དེ་རྣམས་བསྐྱར་ཟློས་བྱས་ཏེ། གཟའ་འཁོར་འདིར་རྒྱ་ནག་གི་སྒྱུ་རྩལ་པ་རྩེ་ཕུང་རྣམས་ཧང་ཀྲུག་གྲོང་ཁྱེར་ལ་འཛོམས་པའི་དགོས་དོན་གཙོ་བོ་ཞིས་ཅིན་ཕིང་གི་གཏམ་བཤད་ཀྱི་ཚིག་དོན་ཁག་ཅིག་ལ་སློབ་སྦྱོང་བྱ་རྒྱུ་དང་། ཞིས་ཅིན་ཕིང་རླབས་ཆེན་དབུ་ཁྲིད་ལ་བསྟོད་བསྔགས་བྱེད་པའི་ཆེད་དུ་ཡིན་ཞིང་། ད་དུང་རྒྱ་ནག་མི་དམངས་ཀྱི་འགྲོ་འདུག་སྐྱོད་གསུམ་མམ། ཡང་ན་ལུས་ངག་ཡིད་གསུམ་གྱི་འཚོ་བ་རྣམས་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་གུང་ཁྲན་ཏང་གི་དབང་སྒྱུར་འོག་ཏུ་ཚུད་ཐབས་ཤིག་ཡིན་པས། དེང་སྐབས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་ཧོ་ལི་ཝུ་ཌི་གློག་བརྙན་བཟོ་ཚོང་ཁང་ལའང་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ཏེ། ཨ་མི་རི་ཀའི་རིག་གཞུང་གི་འབྱུང་གནས་ཤིག་ལ་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུའི་ཉེན་ཀ་ཡོད་པ་དང་། གཟའ་འཁོར་འདིའི་ཧང་ཀྲུག་གི་ཚོགས་འདུ་དེར་ཝི་པོ་དྲྭ་ཚིགས་སུ་རྗེས་འབྲང་བ་བྱེ་བ་༤་དང་ས་ཡ་༢་ཡོད་པའི་རྒྱ་ནག་གི་གཞས་པ་གྲགས་ཅན་ལུ་ཧན་ཡང་ཚོགས་ཞུགས་བྱས་འདུག རྒྱ་ནག་གི་དྲག་རྩལ་གློག་བརྙན་འཁྲབ་ཁྲིད་པ་ཝུ་ཅིང་གིས་ང་ཚོ་དུས་སྐབས་གསར་པ་དེར་མདུན་སྐྱོད་བྱ་དགོས། ཐོག་མར་ང་ཚོས་དུས་སྐབས་གསར་པ་དེར་དགའ་ཞེན་བྱ་དགོས། ཕྱི་གླིང་པ་རྣམས་རྒྱ་ནག་གི་གློག་བརྙན་ཁྲོམ་རར་རྔམ་ཡོད། ཁོ་ཚོ་རྒྱ་ནག་གི་གློག་བརྙན་ཐོན་སྐྱེད་ལ་དོ་སྣ་མེད། དེར་བརྟེན་ང་ཚོ་གློག་བརྙན་གྱི་ཆེད་ལས་གཉེར་མཁན་ཚོས་གློག་བརྙན་གྱི་ལམ་ནས་རྒྱ་ནག་གི་རྣམ་དཔྱོད་ལྡན་པའི་རིག་གཞུང་གི་སྒྲུང་རྣམས་ཕྱི་གླིང་པ་ཚོར་བཤད་དགོས་ཞེས་གཏམ་བཤད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། རྒྱ་ནག་གི་སྒྱུ་རྩལ་པ་དང་རྩོམ་པ་པོ་མང་དག་ཅིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྟངས་འཛིན་འོག་ཏུ་རིག་གཞུང་གི་བླ་སྲོག་ཉམས་ཀྱི་ཡོད་པ་དང་། རྒྱ་ནག་གི་རིག་གཞུང་གསར་གཏོད་ལ་གསོན་ཤུགས་སྟེར་པར་རྩོལ་སྒྲུབ་བྱེད་པའི་རང་དབང་དང་ཁོར་ཡུག་སྤྲོད་ཀྱིན་་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་སྟེ། ནན་ཅིང་གྲོང་ཁྱེར་གྱི་སྒེར་པ་གློག་བརྙན་འཁྲབ་ཁྲིད་པ་ཧུ་ཅེ་ཟེར་པ་ཞིག་གིས་མའོ་ཙེ་ཏུང་གི་གཡོ་འཁྱོམ་ཆེ་བའི་དབང་སྒྱུར་དུས་སྐབས་ལ་དམིགས་པ་གཏད་ཚེ། རྒྱ་ནག་དམར་ཤོག་ཚོགས་པའི་ལམ་སྟོན་སྒྲིག་གཞི་ལ་འགལ་འཛོལ་འགྲོ་ཡི་ཡོད་པ་དང་། རང་དབང་གི་གསར་གཏོད་ལྟ་བ་གུང་ཁྲན་ཏང་གི་ལམ་སྟོན་སྒྲིག་གཞི་ལ་བསྟུན་དགོས་པ་ཡོང་ཐབས་མེད། རྒྱ་ནག་དམར་ཤོག་ཚོགས་པས་དུས་དང་རྣམ་པ་ཀུན་ཏུ་ཐམས་ཅད་དྲིལ་བསྒྲགས་ལ་ངོས་འཛིན་བྱེད་བཞིན་ཡོད། འདི་ནི་གནས་ཚུལ་གསར་པ་གང་ཡང་མིན། སྔོན་གྱི་དམ་དྲག་ཆེ་བའི་དུས་སྐབས་དེ་ཉིད་ཕྱིར་ལོག་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་བཤད་པ་དང་། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་གཞི་དང་དེའི་ཚད་ཐིག་ལ་མི་མཐུན་པའི་གློག་བརྙན་གྱི་རྩེད་མོའི་རིགས་ལའང་ཞིབ་བཤེར་བྱས་ཏེ། གློག་བརྙན་དང་གཞས་ཚིག དཔེ་དེབ་དང་སྒྲ་དབྱངས་སོགས་ཀྱང་འགོག་གི་ཡོད་པ་རེད།།

XS
SM
MD
LG