༄༅།། ཕྱི་ཟླ་༡༡་ཚེས་༢༨་ཉིན་བྱང་ཀོ་རི་ཡས་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདེལ་དེ་སྔར་ལས་ལྷག་པའི་རྒྱང་ཐག་རིང་པོར་སྙོབ་ཐུབ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲྭང་གིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པར་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད། བྱང་ཀོ་རི་ཡས་འཁྲུག་རྩོད་སློང་རྒྱུ་མཚམས་འཇོག་བྱ་དགོས། ང་ཚོས་ཕྱོགས་ཁག་ཚང་མས་ཞི་བའི་གྲོས་མོལ་གྱི་ལམ་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པའི་རེ་བ་འཆང་ཡོད་ཅེས་ནན་བརྗོད་བྱས་འདུག ཉམས་ཞིབ་པ་ཚོས་ཐེངས་འདིར་བྱང་ཀོ་རི་ཡས་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདེལ་མཁའ་དབྱིངས་ཀྱི་མཐོ་ས་དང་རྒྱང་ཐག་རིང་པོར་སྙོབ་ཡོད། ད་ལྟ་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་རྩེ་མོར་རྡུལ་ཕྲན་འབར་མདེལ་འཁྱེར་ཐུབ་པའི་ནུས་པའང་ཆེ་རུ་སོང་འདུག བྱང་ཀོ་རི་ཡས་ཡུན་རིང་མི་འགོར་པར་གླིང་བརྒལ་འཕེན་ཕོག་འཕུར་མདེལ་བཟོ་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་ལྟར་བྱང་ཀོ་རི་ཡའི་གཞུང་གིས་ཀྱང་ཧྭ་སུང་༡༥་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་གླིང་བརྒལ་འཕེན་ཕོག་འཕུར་མདེལ་ཡིན། ཧྭ་སུང་༡༥་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་རྣམས་ཨ་མི་རི་ཀའི་ས་ཐོག་ཏུ་སྙོབ་ཐུབ་ཅེས་ངེས་གཏན་བྱས་ཡོད། ཨ་རིའི་རྒྱལ་སྲུང་དྲུང་ཆེས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་རྣམས་འཛམ་གླིང་གི་ས་ཕྱོགས་གང་དུ་ཡིན་རུང་སྙོབ་ཐུབ་ཀྱིན་འདུག་ཅེས་བཤད། རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་ཀོ་རི་ཡའི་ཉམས་ཞིབ་པ་ཚེ་ཅན་གྱིས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་འཁྱེར་ཐུབ་པའི་མེ་ཤུགས་འཕུར་མདེལ་ཡོད་ན་ཨེ་ཤི་ཡའི་ཤར་ཕྱོགས་ཀྱི་དམག་གི་སྟོབས་ཤུགས་དོ་མཉམ་མེད་པར་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་ལ་འཁྲུག་ཐེབས་རྒྱུ་ཡིན་མོད། ཡིན་ནའང་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་གྱི་སྟོབས་ཤུགས་ཡོད་ན་དམག་འཁྲུག་འགོག་ཐུབ་པའི་ཕན་ཐོགས་ཡོད། ཨ་མི་རི་ཀས་ཀྱང་བྱང་ཀོ་རི་ཡར་གྲོས་མོལ་གཟབ་ནན་བྱ་སྲིད་ཅེས་བཤད་པ་དང་། ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པར་ཁ་རྡུང་དྲག་པོ་བཏང་སྟེ། ཁོ་ཚོས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྡུལ་ཕྲན་མཚོན་ཆ་གསར་བཟོ་བྱ་དགོས་མིན་ལའང་གྲོས་བསྡུར་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་ཅི་ལིན་སློབ་གྲྭ་ཆེན་མོའི་ཀོ་རི་ཡའི་ཉམས་ཞིབ་པ་ཝང་ཧྲེང་གིས་ཁ་སྔོན་ཕྱི་ཟླ་༩་ནས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་མེད། ཁོ་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕྱི་ཟླ་༡༡་པའི་ཚེས་ཤར་དུ་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་སོགས་ལ་འཚམས་འདྲིར་ཕེབས་པའི་དུས་སུ་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་ཡིན་མིན་ངང་སྒུག་བྱས་ཡོད་སྲིད། ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མ་བཏང་བ་དང་། ལྷག་པར་དུ་ཨ་རིའི་གཞུང་གིས་སླར་ཡང་བྱང་ཀོ་རི་ཡ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གི་ཐོ་གཞུང་དུ་བཀོད། དེར་བརྟེན་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ནས་མཚོན་ཆ་ཡར་རྒྱས་གཏོང་གི་ཡོད་པ་དང་། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་རྒྱུ་ཅི་ཙམ་ཤུགས་ཆེ་རུ་བཏང་ན་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་རྒྱུ་དེ་བས་ཀྱང་ནུས་ཤུགས་ཆེ་རུ་གཏོང་སྲིད་ཅེས་བཤད་ཡོད། ཀིམ་ཇུང་ཨུན་གྱིས་འགོ་ཁྲིད་པའི་བྱང་ཀོ་རི་ཡའི་གཞུང་གིས་མེ་ཤུགས་འཕུར་མདེལ་གྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་ཉག་ཅིག་ཡིན་པ་དང་། ཁོ་ཚོས་རང་གི་མེ་ཤུགས་འཕུར་མདེལ་གྱི་དམིགས་འབེན་ཨ་མི་རི་ཀ་ཡིན་ཞེས་ཡོངས་གྲགས་སུ་བཤད་འདུག ཁ་སང་བྱང་ཀོ་རི་ཡས་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདེལ་དེ་རྒྱང་ཐག་སྤྱི་ལེ་༤༤༧༥་ཡས་མས་སུ་སྙོབ་པ་དང་། འཕུར་མདེལ་དེ་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚུགས་ལས་ཀྱང་ལྡབ་བཅུའི་མཐོ་སར་འཕུར། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་གདེང་སྤོབས་ལྡན་པའི་སྒོ་ནས་ང་ཚོས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྩ་དོན་ཞིག་གྲུབ་སོང་། ད་ནས་བྱང་ཀོ་རི་ཡས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཁག་ལ་འགྲན་སྡུར་བྱེད་ཐུབ། བྱང་ཀོ་རི་ཡ་འགན་འཁྲི་ལེན་པའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ང་ཚོའི་རྡུལ་ཕྲན་མཚོན་ཆ་ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་སྡིགས་ར་དང་བཙན་འཛུལ་འགོག་པའི་ཆེད་དུ་ཡིན་ཞེས་འགྲེལ་བཤད་བརྒྱབ་རུང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་ཁ་པར་བཏང་སྟེ། ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་གྱིས་བྱང་ཀོ་རི་ཡར་མཉམ་འབྲེལ་འཐབ་རྒོལ་བྱ་རྒྱུའི་དམ་བཅའ་བསྐྱར་ཟློས་བྱས་འདུག ཨ་མི་རི་ཀའི་མཱི་ཌེལ་བྷ་རི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཇཱེ་ཧྥི་རི་ལེ་ཝུའི་སིས་ང་ཚོ་དགའ་རུང་མ་དགའ་རུང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་མཉམ་དུ་འཚོ་གནས་བྱ་དགོས་ཐུག་རྒྱུ་རེད་ཅེས་བཤད། ཨ་རིའི་གཞུང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། ཞི་བའི་གྲོས་མོལ་དང་དམག་གི་དྲག་རྒོལ་བཅས་ཀྱི་གདམ་ཀ་ཚང་མར་བསམ་གཞིག་བྱེད་བཞིན་ཡོད་ཅེས་བཤད། ད་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་ཐེངས་འགའ་ཞིག་བྱས་ཀྱང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་རྒྱུ་འགོག་ཐུབ་ཀྱི་མེད་པ་དང་། དེང་སྐབས་བྱང་ཀོ་རི་ཡའི་ཕྱིར་ཚོང་བརྒྱ་ཆ་༩༠་ལྷག་རྒྱ་ནག་གཅིག་པུར་བརྟེན་ཡོད། རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་མ་བཅད་བར་དུ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་རྒྱུ་མཚམས་འཇོག་མི་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པར་སྐྱོན་བརྗོད་བྱས་པ་མ་ཟད། ཨུ་རུ་སུའི་གཞུང་གིས་ཀྱང་ཕྱོགས་ཁག་ཚང་མ་ཞི་འཇམ་དུ་གནས་དགོས། བྱང་ཀོ་རི་ཡས་དམག་འཁྲུག་གི་ཛ་དྲག་བསླངསན་དགེ་མཚན་མེད་ཅེས་གསལ་བསྒྲགས་སྤེལ་ཏེ། ཨ་མི་རི་ཀས་བྱང་ཀོ་རི་ཡར་ཕར་རྒོལ་བྱ་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་དང་། ད་ནས་ཟླ་བ་གསུམ་གྱི་རྗེས་སུ་ལྷོ་ཀོ་རི་ཡར་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་ཀྱི་ཡོད་རུང་། བྱང་ཀོ་རི་ཡས་མུ་མཐུད་དུ་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ནས་ཞི་བདེ་བརྟན་ལྷིང་མེད་པར་གྱུར་ཚེ། རྒྱལ་སྤྱིའི་རྩེད་འགྲན་དེར་རྒྱལ་ཁབ་མང་པོ་ཞིག་མཉམ་ཞུགས་བྱ་འཆར་ཡོད་མེད་ངེས་གཏན་མེད་པ་དང་། ད་ལྟ་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆའི་ཉེན་ཀ་ནི་ཉིན་རེ་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་དོ།།