ངོ་འཕྲད་བདེ་བའི་དྲ་འབྲེལ།


རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྔོ་དམར་སེར་གསུམ་ཞེས་མིང་བཏགས་པའི་སློབ་གཉེར་བཟོ་ཚོང་ཁང་ཞིག་ཡོད། ཉེ་ཆར་བཟོ་ཚོང་ཁང་དེའི་ཁོངས་ཀྱི་བུ་གསོ་ཁང་ཞིག་གི་བྱིས་པ་འགའ་ཞིག་གི་ལུས་སྟེང་དུ་དམར་ཤུལ་ཕབ་ཡོད་པ་དང་བྱིས་པ་ཚོར་རྒྱུ་རྐྱེན་ཅི་ཡིན་མི་ཤེས་པའི་སྨན་རྫས་སྤྲད་པ། ཡང་བྱིས་པ་སྐོར་ཞིག་དམར་ཧྲེང་དུ་ཕུད་ནས་ཉེས་ཆད་བཅད་པ་དང་མནར་གཅོད་བཏང་བའི་གནས་ཚུལ་ཐོན་འདུག བཟོ་ཚོང་ཁང་འདིས་རྒྱ་ནག་ཁོ་ན་མིན་པར་ཨ་རིའི་སློབ་གསོའི་སྒྲིག་འཛུགས་ཁག་ཅིག་ལ་མཉམ་འབྲེལ་བྱས་ནས་བཟོ་ཚོང་ཁང་འདིའི་བདག་གཉེར་འོག་ཏུ་ཡོད་པའི་ཡན་ལག་ཚན་པ་ཁག་ཅིག་ཨ་རིར་ཚུགས་ཡོད། ད་ལྟ་རྒྱ་ནག་པ་ཁག་ཅག་གིས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ལྷོ་ཁུལ་དུ་ཡོད་པའི་ཨ་རིའི་དབུས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཁྲིམས་ཁང་གིས་ཁ་མཆུ་ངོས་ལེན་བྱས་འདུག ཁ་མཆུའི་ཡིག་ཆའི་ནང་དུ་ལོ་འདིའི་སྤྱི་ཟླ་༩་ཚེས་༢༧་ནས་སྤྱི་ཟླ་༡༡་པའི་ཚེས་༢༢་བར་དུ་བཟོ་ཚོང་ཁང་འདིར་མ་རྐང་བཙུགས་ཡོད་པའི་མི་ཚང་མ་ཞུ་གཏུག་པའི་གྲས་སུ་མཉམ་ཞུགས་བྱེད་ཆོག་ཅེས་བཀོད། ཞུ་གཏུག་པ་ཚོས་དམར་སེར་སྔོན་གསུམ་བཟོ་ཚོང་ཁང་གིས་ཨ་རིའི་༡༩༣༣་ལོར་གཏན་ལ་ཕབ་པའི་མ་རྐང་འཛིན་བྱང་གི་ཁྲིམས་དང་། ༡༩༣༤་ལོར་གཏན་ལ་ཕབ་པའི་མ་རྐང་འཛིན་བྱང་ཉོ་ཚོང་གི་ཁྲིམས་ལ་འགལ་འཛོལ་བྱུང་ཡོད། དེར་བརྟེན་མ་རྐང་བདག་པོ་ཚོར་གྱོང་གུད་ཐེབས་པར་གུན་གསབ་སྤྲོད་དགོས་ཞེས་རེ་འདུན་བཏོན་ཡོད་པ་མ་ཟད། ཞུ་གཏུག་ཡིག་ཆའི་ནང་དུ་གོང་གི་བཟོ་ཚོང་ཁང་འདིས་སློབ་ཕྲུག་ཚོར་ཆགས་སྲེད་ཀྱི་མནར་གཅོད་མི་ཐེབས་པའི་ཆེད་དུ་ཁྲིམས་སྒྲིག་སྲོལ་གྱི་འགན་སྲུང་ཅི་ཡང་མེད་པར་བྱིས་པ་ཚོར་མནར་གཅོད་ཐེབས་ཏུ་བཅུག་ཡོད་ཅིང་། མནར་གཅོད་ཀྱང་སྤྱིར་བཏང་གི་བྱིས་པར་མནར་གཅོད་བཏང་པའི་གནས་ཚུལ་བྱུང་ནས་གཏུག་གཤེར་བྱས་པ་ཞིག་མིན་པར་ཆགས་སྲེད་ཀྱི་སྦྱོར་བས་མནར་གཅོད་བཏང་འདུག་ཅེས་ཁ་གསལ་བཀོད་འདུག ད་དུང་བཟོ་ཚོང་ལས་ཁང་འདིས་དོ་དམ་འོག་ཏུ་བྱིས་པ་རྣམས་ལ་ལུགས་མཐུན་མིན་པའི་གནོད་པ་ཕོག་ཏུ་བཅུག་ནས་སྒྲིག་འཛུགས་དེའི་ཉེས་སྐྱོན་སེལ་ཐུབ་ཀྱི་མེད་པ་སོགས་ཀྱི་གནད་དོན་མང་པོ་ཞིག་འབྱུང་བཞིན་ཡོད། འདི་ནི་བཟོ་ཚོང་ཁང་འདིའི་ངོས་ནས་མ་རྐང་འཛུགས་མཁན་ཚོར་མགོ་སྐོར་བཏང་བ་ཞིག་ཡིན་པས་གྱོང་གུད་ཕོག་པའི་དོ་བདག་སོ་སོར་གུན་གསབ་སྤྲོད་དགོས་པའི་དགོས་འདུན་གཙོ་བོར་བཏོན། དམར་སེར་སྔོ་གསུམ་ཞེས་མིང་བཏགས་ཡོད་པའི་སློབ་གཉེར་བཟོ་ཚོང་ཁང་འདི་ནི་རྒྱ་ནག་གི་བྱིས་པའམ། ཡང་ན་ཁྱེའུ་རྣམས་ཀྱི་སློབ་གསོ་དོན་གཉེར་བྱེད་མཁན་གྱི་བཟོ་ཚོང་ཁང་ཞིག་ཡིན། བཟོ་ཚོང་ཁང་འདིའི་ཁྱབ་ཁོངས་སུ་རྒྱ་ནག་གི་ས་ཆ་གང་སར་བུ་གསོ་ཁང་མང་པོ་སྒོ་ཕྱེས་ཡོད་པ་མ་ཟད། ཨ་རིའི་བྱིས་པའི་སློབ་གསོ་དོན་གཉེར་གྱི་སློབ་གཉེར་སྒྲིག་འཛུགས་ཁ་ཤས་ལ་མཉམ་ལས་བྱེད་ཀྱི་ཡོད་ཅིང་། བཟོ་ཚོང་ཁང་འདིས་སྤྱི་ལོ་༢༠༠༣་ལོར་ཐེངས་དང་པོར་པེ་ཅིང་དུ་བུ་གསོ་ཁང་ཞིག་སྒོ་ཕྱེས་པ་དང་། སྤྱི་ལོ་༢༠༡༧་ལོའི་ཟླ་བ་༦་པ་བར་དུ་དམར་སེར་སྔོན་གསུམ་ཞེས་པའི་བཟོ་ཚོང་འདིའི་ཁྱབ་ཁོངས་སུ་ལོ་ན་ཤིན་ཏུ་ཕྲ་བའི་ཕྲུ་གུ་རྣམས་དང་དེ་དག་གི་ཕ་མ་ཚོ་མཉམ་དུ་སློབ་གསོ་སྤྲོད་སའི་བསྟི་གནས་༨༥༣་དང་། བུ་གསོ་ཁང་༢༥༥་ཡོད། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པ་དང་འཛུགས་སྐྲུན་བྱ་འཆར་ཡོད་པའི་བུ་གསོ་ཁང་༣༠༧་ཡོད་པ་དང་། བྱིས་པའི་སློབ་གཉེར་བཟོ་ཚོང་ཁང་འདི་ཆ་མཉམ་ལྟར་ན་བདུན་ཕྲག་རེར་བྱིས་པ་འབུམ་༣་དང་ཁྱེའུ་དེ་དག་གི་ཁྱིམ་བདག་བཅས་ལ་སློབ་གསོ་སྤྲོད་པའི་སྒེར་གཉེར་གྱི་སློབ་གསོའི་སྒྲིག་འཛུགས་ཆེན་པོ་ཞིག་ཡིན། སྒྲིག་འཛུགས་འདིར་རྒྱ་ནག་གི་གཞུང་འབྲེལ་གྱི་གཟེངས་རྟགས་ཐེངས་འགའ་ཤས་ཤིག་ཐོབ་མོད། འོན་ཀྱང་བཟོ་ཚོང་ཁང་འདིས་བདག་གཉེར་བྱེད་བཞིན་པའི་བུ་གསོ་ཁང་དུ་སྤྱི་ལོ་༢༠༡༥་ལོར་བྱིས་པ་རྣམས་ལ་མནར་གཅོད་བཏང་བའི་གནས་ཚུལ་བྱུང་སྟེ་བུ་གསོ་ཁང་གི་ལས་བྱེད་པར་བཙོན་འཇུག་གི་ཁྲིམས་ཐག་བཅད། དེ་བཞིན་ལོ་འདིར་བྱིས་པར་མནར་གཅོད་བཏང་བའི་གནས་ཚུལ་ཁ་ཤས་བྱུང་བའི་སྟབས་ཀྱིས་དམར་སེར་སྔོན་ཅེས་པའི་བཟོ་ཚོང་ཁང་འདིར་རྒྱལ་སྤྱིའི་ཐོག་ཏུ་གླེང་སློང་ཆེན་པོ་བྱུང་ཡོད་པ་རེད།།

XS
SM
MD
LG